མེ་ཏོག་རྫོང་དུ་སླར་ཡང་རྩི་ཤིང་རིགས་གསར་པ་རྙེད་འདུག
ཀྲུང་གོ་ཚན་རིག་ཁང་ཁུན་མིང་རྩི་ཤིང་ཞིབ་འཇུག་སུའོ་ཡིས་སྤྱི་ཚེས་21ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཞིབ་འཇུག་སུའོ་དེའི་ཀྲུང་གོའི་ལྷོ་ནུབ་རི་སྐྱེས་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་མཛོད་ཀྱི་ཚན་ཞིབ་མི་སྣས་ཡུན་ནན་གྱི་ནུབ་བྱང་དང་བོད་ལྗོངས་ཀྱི་མེ་ཏོག་རྫོང་དུ་ལན་ཁོ་(兰科)སྐྱེ་དངོས་རིགས་གསར་པ་6ཤེས་རྟོགས་བྱུང་ཞིང་། དེ་དག་ལ་ཁག་སོ་སོར་ལི་ཧེང་ལོ་ཟུང་ལན་དང་། ཆན་ཞི་ཕེང་ཅུས་ལན། ལི་ཅང་ཕེང་ཅུས་ལན། ཚ་བ་རོང་ལོ་ཟུང་ལན། མེ་ཏོག་ཕྱེ་ལེབ་ལན། ཀའོ་ལི་ཀུང་ཀྲུ་ལན་ཞེས་མིང་བཏགས་ཡོད་པ་རེད།
ལན་ཁོ་ནི་སོན་ཐུམ་སྐྱེ་དངོས་ཀྱི་རིགས་ཚན་ཆེན་པོའི་གྲས་ཤིག་ཡིན་པ་དང་། དེར་སྤྱིར་ནང་ཚན་736གི་རིགས་28000ལྷག་ཡོད་ཅིང་། ས་སྐྱེ་དང་གཞན་རྟེན། རུལ་སྐྱེ་སོགས་སྐྱེ་སྟངས་རིགས་མང་པོ་ཡོད་པ་རེད། ཀྲུང་གོའི་ལན་ཁོ་སྐྱེ་དངོས་ལ་ནང་ཚན་190འི་རིགས་1600ལྷག་ཡོད་པ་རེད། འཕྲེད་རྒྱུག་རི་རྒྱུད་དང་ཧི་མ་ལ་ཡའི་ས་ཁུལ་ནི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ས་ཁུལ་ཞིག་ཡིན་ལ། ཀྲུང་གོའི་ལན་ཁོ་སྐྱེ་དངོས་ཁྱབ་ཚུལ་གྱི་ལྟེ་བའི་ཁུལ་ཞིག་ཀྱང་ཡིན་པས། ལོ་མང་རིང་ལན་ཁོ་སྐྱེ་དངོས་རིགས་གསར་པ་གསར་རྙེད་ཡོང་གི་ཡོད་པ་རེད།
ཚན་ཞིབ་མི་སྣས་ཡུན་ནན་གྱི་ཀུང་ཧྲན་དང་། སེམས་ཀྱི་ཉི་ཟླ། ལི་ཅང་། བོད་ལྗོངས་ཀྱི་མེ་ཏོག་བཅས་སུ་རི་ཐང་ལ་བརྟག་དཔྱད་ཐེངས་མང་བྱས་པར་སྔ་རྗེས་སུ་ལན་ཁོ་སྐྱེ་དངོས་རིགས་6ཤེས་རྟོགས་བྱུང་ཡོད་པ་རེད། འབྲེལ་ཡོད་ཡིག་ཆ་དང་མ་དཔེ་གཞི་བཟུང་བ་དང་རྣམ་པར་གཞིགས་ནས་སྐྱེ་དངོས་དེ་དག་ནི་ཁག་སོ་སོར་ལན་ཁོ་སྡོང་པོའི་ལན་ཁོ་ཕལ་པའི་ལོ་ཟུང་ལན་ཁོའི་ཁོངས་དང་། ཕྱེ་ལེབ་ལན་ཁོའི་ཁོངས། ཕེང་ཅུས་ལན་ཁོའི་ཁོངས། ཀྲུའུ་ལན་ཁོའི་ཁོངས་བཅས་སུ་གཏོགས་པའི་ངོས་འཛིན་བྱས་ཡོད་པ་རེད། ལོ་ལྗང་ཕུང་གྲུབ་ཀྱི་གཞི་རྒྱུའི་ཚོའམ་འདུས་རྡུལ་དུམ་བུའི་གྲངས་གཞི་དང་ཟུང་འབྲེལ་བྱས་ནས་སྐྱེ་དངོས་རིགས་འདི་དག་དང་འདྲ་བའི་གཞི་རྒྱུའི་མ་ལག་གི་སྡོང་པོ་གྲུབ་པ་མ་ཟད། དེ་དག་ནི་དངོས་རིགས་གསར་པ་དང་སོ་སོའི་རྒྱུད་ཁོངས་གནས་ཡུལ་ཡོད་པ་གཏན་འཁེལ་བྱས་ཡོད་པ་རེད།
དེའི་ཁྲོད་སེམས་ཀྱི་ཉི་ཟླའི་ཐན་པའོ་གངས་རིའི་རྒྱུད་ཀྱི་ལོ་ཟུང་ལན་དེ་རིགས་གསར་པ་ཡིན་པ་དང་། ཀུང་ཧྲན་ཆི་ཆི་གྲོག་རོང་ཁུལ་དང་ཏུའུ་ལུང་ཅང་གཙང་པོ་རྒྱུག་ཁུལ་གྱི་ཕེང་ཅུས་ལན་ཡང་རིགས་གསར་པ་ཡིན་པས། ལི་ཧེང་ལོ་ཟུང་ལན་དང་ཕེང་ཅུས་ཕྲ་མོའི་ལན་ཞེས་མིང་བཏགས་ནས། ཀྲུང་གོ་ཚན་རིག་ཁང་ཁུན་མིང་རྩི་ཤིང་ཞིབ་འཇུག་སུའོ་ཡི་སྐྱེ་དངོས་རིགས་དབྱེ་རིག་པ་བ་གྲགས་ཅན་ཚེ་འདས་ལི་ཧེང་གིས་ཡུན་ནན་གྱི་ལན་ཁོ་སྐྱེ་དངོས་ཞིབ་འཇུག་དང་ཀའོ་ལི་ཀུང་ཧྲན་རི་བོའི་རྩི་ཤིང་སྣ་མང་རང་བཞིན་ཞིབ་འཇུག་ཐད་བྱས་རྗེས་རླབས་པོ་ཆེ་བཞག་པར་དྲན་གསོ་བྱ་ཆེད་ཡིན་པ་རེད། ལི་ཅང་ཡུས་ལུང་གངས་རིའི་རྒྱུད་ནས་གསར་རྙེད་བྱུང་བའི་ཕེང་ཅུས་ལན་རིགས་གསར་པའི་ཁོང་སུ་གཏོགས་པས་ལི་ཅང་ཕེང་ཅུས་ལན་ཞེས་མིང་བཏགས་ཏེ། ཨ་རིའི་ཧྲེང་ལུའུ་དབྱི་སི་སློབ་ཆེན་གྱི་ཟེའུ་འབྲུ་སྡེབ་སྦྱོར་མཁན་གྲགས་ཅན་Peter Bernhardtཡིས་ཀྲུང་གོའི་ལན་ཁོ་སྐྱེ་དངོས་ཞིབ་འཇུག་ལ་ལེགས་སྐྱེས་ཕུལ་བར་དྲན་གསོ་ཞུས་ཡོད་པ་རེད། རིགས་གཞན་གསུམ་ལ་དེའི་མ་དཔེ་ཐོན་ཡུལ་ལ་གཞིགས་ནས། ཁག་སོ་སོར་ཚ་བ་རོང་གི་ལོ་ཟུང་ལན་དང་། མེ་ཏོག་གི་ཕྱེ་ལེབ་ལན། ཀའོ་ལི་ཀུང་ཀྲུ་ལན་ཞེས་མིང་བཏགས་ཡོད་པ་རེད། དེ་དང་ཆབས་ཅིག་ཞིབ་འཇུག་མི་སྣས་ད་དུང་བོད་ལྗོངས་ཀྱི་མེ་ཏོག་རྫོང་ནས་ཐོན་པའི་བོད་ལྷོའི་ལན་ལ་རྗེས་གསབ་ཀྱི་རྒྱས་བཤད་ཀྱང་བྱས་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་དབང་། ཚེ་ཕུན།
ཡིག་སྒྱུར། ཨ་བསྟན།