ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

གནའ་བོའི་རྫ་ཆས་ལ་དུས་རབས་ཀྱི་གསོན་ཤུགས་རྒྱས།

2023-10-08 18:13:00     责编:娜科

 

གླེང་གཞི།

    ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྫོང་ཨུད་དང་། སྲིད་གཞུང་། དེ་བཞིན་ཅང་སུའུ་ཞིང་ཆེན་ནན་ཅིང་བོད་སྐྱོར་གྱི་ཤུགས་ཆེའི་རྒྱབ་སྐྱོར་ཐོབ་པ་བརྒྱུད། སྤྱི་ལོ་2020ལོའི་ཟླ་བ་5པའི་ཚེས་21ཉིན་བོད་ལྗོངས་སྨི་ཧྲེང་དག་པའི་རྫ་ཆས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་ཚད་ཡོད་ཀུང་སི་བཙུགས་པ་རེད། གོ་སྐབས་དེར་བརྟེན་ནས། མལ་གྲོ་གུང་དཀར་རྫོང་དག་པ་རྫ་ཆས་མངོན་མིན་རིག་གནས་ཤུལ་བཞག་དེ་བས་ལེགས་པའི་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་བ་མ་ཟད། ཞིང་འབྲོག་པ་སྐུལ་ཁྲིད་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་ཐུན་མོང་འབྱོར་ཕྱུག་གི་ལམ་དུ་བསྐྱོད་ཐུབ་པ་རེད། ལོ་ངོ་སྟོང་གི་དག་པའི་རྫ་བཟོའི་ལག་ཤེས་རྒྱུན་འཛིན་ཐད། “སྲུང་སྐྱོབ་གཙོ་བོ་དང་། མྱུར་སྐྱོབ་ཨང་དང་པོ། ལུགས་མཐུན་བེད་སྤྱོད། རྒྱུན་འཛིན་འཕེལ་རྒྱས”ཀྱི་མཛུབ་ཁྲིད་མཛད་ཕྱོགས་མཐའ་འཁྱོངས་བྱས་པར་བརྟེན། ཕུལ་བྱུང་སྲོལ་རྒྱུན་རིག་གནས་དུས་རབས་གསར་པར་གསར་གཏོད་དང་འཕེལ་རྒྱས་བྱུང་བ་མ་ཟད། མངོན་མིན་རིག་གནས་ཤུལ་བཞག་ལ་གསོན་ཤུགས་འཕེལ་ནས་རྫ་ཆས་སྒྱུ་རྩལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཕྱེ་ཡོད། 

 

 

 

དུས་རབས་དང་འགྲོགས་པའི་ལོ་ངོ་སྟོང་གི་ལོ་རྒྱུས།

    ཀྲུང་ཧྭའི་མི་རིགས་རིག་གནས་ཀྱི་གྲུབ་ཆའི་བྱེ་བྲག་ཅིག་ཡིན་པའི་བོད་ལྗོངས་གནའ་བོའི་རྫའི་རིག་གནས་ནི་མི་རིགས་ཀྱི་མ་མའི་མངལ་དུ་སྦྲུམ་ཞིང་འཚར་བ་དང་། རིམ་གྱིས་འཕེལ་རྒྱས་བྱུང་བ་ཞིག་ཡིན་ཞིང་། དེར་གནའ་བོའི་མེས་པོ་ཚོའི་བརྩེ་སེམས་འདུས་པ་མ་ཟད། རང་ས་རང་ཡུལ་གྱི་ས་ཡི་དྲི་ངད་ཀྱང་འདྲེས་ཤིང་། མི་རིགས་ཀྱི་རིག་གནས་དང་སྤྱི་ཚོགས་འཚོ་བའི་སྣང་བརྙན་སྣ་ཚོགས་མངོན་པར་གསལ་བ་དང་སྦྲགས་མི་རིགས་ཀྱི་སེམས་ཁམས་དང་། སྙིང་སྟོབས། གཤིས་ཀ་བཅས་ཀྱི་འཕོ་འགྱུར་རྗོད་བཞིན་དུ་མི་རིགས་ཀྱི་འཕེལ་རྒྱས་དང་བསྡོངས་ནས་གོང་དུ་འཕེལ་བ་ཞིག་རེད།

    དག་པའི་རྫ་ཆས་དེ་ཡང་ལྷ་སའི་ལོ་རྒྱུས་རིག་གནས་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་ཡིན། མལ་གྲོ་གུང་དཀར་རྫོང་ནི་གནའ་སྔ་མོའི་དུས་སུ་ལྷ་ས་སྐྱིད་ཆུའི་སྟོད་རྒྱུད་ཀྱི་འབབ་རྒྱུད་དུ་གཏོགས་པ་དང་། གནའ་སྔ་མོའི་དུས་སུ། ལྷ་ས་སྐྱིད་ཆུའི་འབབ་རྒྱུད་དུ་སུམ་པ་ཟེར་བའི་རྒྱལ་ཕྲན་ཞིག་གཞིས་ཆགས་ཡོད་ཅིང་། མལ་གྲོ་གུང་དཀར་རྫོང་ནི་རྒྱལ་ཕྲན་དེའི་ཁོངས་སུ་གཏོགས། སུམ་པའི་ལག་ཤེས་བཟོ་རྩལ་ནི་སྐབས་དེ་དུས་དར་རྒྱས་ཧ་ཅང་ཆེ། སྤྱི་ལོའི་དུས་རབས་7པའི་དུས་སུ་རྒྱལ་ཕྲན་དེ་ཉིད་བཙན་པོའི་རྒྱལ་རབས་ཀྱིས་དབང་དུ་བསྡུས་པ་རེད། 

    ཤོད་རྒྱུན་ལ་ལོ་ངོ་1200ལྷག་གི་ཡར་སྔོན་དུ། མཚན་ལ་ཡེ་ཤེས་རྡོ་རྗེ་ཞུ་བའི་རྣལ་འབྱོར་བ་ཞིག་དག་པ་གྲོང་ཚོའི་ཁ་སྤྲོད་ཀྱི་བ་སྒོ་ཆོས་པ་གནས་རིའི་ཙན་དན་བག་ཁྲའི་ཆོས་སྡིངས་སྒྲུབ་ཁང་དུ་སྒྲུབ་པ་ཉམས་ལེན་གནང་ནས་བཞུགས། ཉིན་ཞིག ཁོང་གིས་སྟེས་དབང་དུ་འདམ་བག་པུས་མོར་བཀབ་པས་ཕོར་པ་ཞིག་གྲུབ་པ་རེད། དེ་རྗེས། ཁོང་གིས་ཡང་བསྐྱར་བ་གླང་གི་སྣ་གཅུ་དཔེར་བྱས་ནས་ཕོར་པའི་ལུང་བཟོས་པ་རེད། དེ་ནས་བཟུང་། དག་པའི་རྫ་བཟོའི་ལག་ཤེས་ས་ཆ་དེ་གར་རིམ་གྱིས་དར་འགོ་ཚུགས། ཡེ་ཤེས་རྡོ་རྗེའི་སྣེ་ཁྲིད་འོག་དག་པའི་ཞིང་འབྲོག་པ་ལ་ལས་ཁོང་དང་མཉམ་དུ་རྫ་བཟོའི་ལག་རྩལ་སྦྱངས། ལག་རྩལ་འདི་ལོ་ངོ་སྟོང་གི་རིང་རྒྱུན་འཛིན་བྱས་པ་བརྒྱུད། ད་ཆ་ས་ཆ་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་བརྒྱུད་ལག་ཤེས་སུ་གྱུར་ཡོད།

    དག་པའི་རྫ་ཆས་ལ་མི་རིགས་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་མོད། ཡིན་ནའང་ལོ་ངོ་སྟོང་གི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་རྫ་བཟོའི་ལག་ཤེས་དེ་ཉིད་དགེ་སློབ་ཀྱིས་རྒྱུན་འཛིན་པའམ་ངག་བརྒྱུད་འབའ་ཞིག་ཏུ་ལུས་ཏེ་ཕན་ཚུན་སྤེལ་རེས་ཅུང་ཉུང་བས་ན། ལག་རྩལ་དང་བཟོ་རྩལ་ཡང་སྔར་སྲོལ་ལྟར་ལུས་ཡོད། འདས་པའི་དུས་སུ་དག་པའི་རྫ་ཆས་ཀྱི་བཟོ་རྩལ་ཅུང་ཟད་རགས་རྩིང་ཡིན་ཞིང་། ཡུལ་དེའི་མང་ཚོགས་ཀྱི་ཁྱིམ་ཚང་གི་འཚོ་བའི་མཁོ་ཆས་ཀྱི་དགོས་མཁོ་སྐོང་ཆེད་ཙམ་ཡིན། ཕྱིས་སུ་འཕེལ་རྒྱས་ཅུང་ཟད་བྱུང་བ་དང་། དམངས་གཙོའི་བཅོས་སྒྱུར་མ་བཏང་གོང་གི་བ་རབ་ཚོ་ཆུང་གི་རྫ་བཟོའི་ལག་རྩལ་ནི་བལྟོས་བཅས་ཀྱིས་སྤུས་དག་ཙམ་ཡོད།

    དེང་གི་དག་པའི་རྫ་ཆས་ནི་ལོ་ངོ་ཆིག་སྟོང་ལྷག་གི་འཕེལ་རྒྱས་བརྒྱུད། རགས་ཤིང་རྩིང་བའི་ལག་ཤེས་ནས་སྤུས་དག་ཞིབ་ཚགས་ཀྱི་ཐོན་རྫས་སུ་འཕེལ་རྒྱས་བྱུང་ཡོད། 

    2006ལོར། དག་པ་གྲོང་ཚོའི་དམངས་ཁྲོད་ཀྱི་སྲོལ་རྒྱུན་རྫ་བཟོའི་ལག་རྩལ་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོའི་གྲས་སུ་བཅུག་པ་རེད།

    དག་པའི་རྫ་ཆས་ནི་སྔོན་གྱི་ལག་བཟོས་རྫ་ཆས་ནས་རྫ་དཀར་ཟུང་འབྲེལ་གྱི་ཐོན་རྫས་སུ་འཕེལ་རྒྱས་བྱུང་ཡོད། ཐོན་རྫས་ཀྱི་གྲས་སུ་མི་རིགས་ཀྱི་རྒྱུན་གཏན་འཚོ་བའི་མཁོ་ཆས་རིགས་ཏེ། གསོལ་ཆས་དང་། རྫ་དམ། མེ་ཕོར་ཁོག་ལྟིར་སོགས་ཐབ་ཆས་ཡོད་པ་མ་ཟད། ད་དུང་མར་སྣོད་དང་། སྤོས་ཕོར། མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་ཡུལ་སྐོར་ཐོན་རྫས་དང་། རྒྱན་ཆས་སོགས་ཀྱང་ཡོད་པ་རེད། རྫ་མཁན་སྔ་རབས་པ་ཚོས་རྫ་ཆས་རིགས་18ལས་བཟོ་མི་ཐུབ་ཀྱང་དེང་གི་ཆར་རྫ་མཁན་གྱིས་བཟོས་པའི་རྫ་ཆས་རིགས་45ཟིན་གྱི་ཡོད། 

 

གསར་གཏོད་འཕེལ་རྒྱས་། འབབ་འཕར་ཕྱུག་འགྱུར།

    མལ་གྲོ་གུང་དཀར་རྫོང་གི་དག་པའི་རྫ་ཆས་འཕེལ་རྒྱས་དེ་བས་ལེགས་པ་ཡོང་བར་སྐུལ་འདེད་བཏང་ནས། ལོ་ངོ་སྟོང་གི་རིང་རྒྱུན་འཛིན་བྱས་པའི་རྫ་བཟོའི་ལག་ཤེས་དར་རྒྱས་གོང་འཕེལ་གཏོང་ཆེད། མལ་གྲོ་གུང་དཀར་རྫོང་ཨུད་དང་རྫོང་སྲིད་གཞུང་། དེ་བཞིན་ནན་ཅིང་བོད་སྐྱོར་ལས་བྱེད་པ་བཅས་ཀྱིས་མཉམ་དུ་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་ཀྱིས་ཞིང་འབྲོག་པར་འབབ་འཕར་དང་དཔལ་འབྱོར་འཕེལ་རྒྱས་ཡོང་བར་དམིགས་ནས། ནན་ཅིང་སྨི་ཧྲེང་རྫ་ཆས་ཚད་ཡོད་ཀུང་སིའི་ལག་རྩལ་དང་ཐབས་ཤེས་ནང་འདྲེན་བྱས་ཤིང་། དེ་ཉིད་དག་པའི་རྫ་ཆས་དང་མཉམ་འདྲེས་འཕེལ་རྒྱས་དང་གསར་གཏོད་ཀྱི་ལམ་ལ་ཞུགས་ཏེ་ཐབས་ལམ་གསར་པ་བཙལ་བ་རེད།

    རྣམ་གྲངས་དེས་སྲོལ་རྒྱུན་ལག་ཤེས་དང་དེང་རབས་ལག་ཤེས་ཐབས་མཁས་ཀྱིས་ཟུང་འབྲེལ་བྱས་ནས། སྤུས་ལེགས་ངོ་མཚར་ཅན་གྱི་རྫ་དཀར་གྱི་ཐོན་རྫས་གསར་གཏོད་བྱས་པས། གང་དེའི་ཐོན་རྫས་ལ་སྲོལ་རྒྱུན་ལག་ཤེས་དང་དེང་རབས་ཀྱི་མཛེས་པའི་ངོ་མཚར་གཅིག་ཏུ་འདུས་པའི་ཁྱད་ཆོས་ལྡན། ཚོང་གཉེར་གྱི་ཁ་ཕྱོགས་ནི་ཕྱི་རྒྱལ་གཙོ་བོ་དང་རྒྱལ་ནང་ཞོར་དུ་བྱས་ཤིང་། གཙོ་བོ་ཨ་རི་དང་། ཡོ་རོབ། རི་པིན་སོགས་རྒྱལ་ཁབ་དང་ས་ཁུལ་བཅུ་ལྷག་ཙམ་ལ་འཚོང་བ་དང་། རྒྱལ་ནང་གི་ཚོང་ལམ་ནི་གཙོ་བོ་ཟ་འཐུང་ལས་རིགས་དང་། ཀོག་ཧྥེ་ཁང་། དེ་བཞིན་དྲ་ཐོག་སོགས་སུ་འཚོང་གི་ཡོད།

 

 

རིགས་གཅིག་མཁས་ཅན་གདན་དྲངས་ནས་གསོན་ཤུགས་གསར་པ་བསྣན།

    

    2019ལོར། ཅང་སུའུ་ནན་ཅིང་གི་ཁ་གཏད་བོད་སྐྱོར་ཁག་དགུ་པའི་སྐུལ་འདེད་དང་མཐུན་སྦྱོར་འོག ནན་ཅིང་སྨི་ཧྲེང་གི་རྫ་དཀར་རིགས་གཅིག་མཁས་ཅན་གདན་དྲངས་པ་རེད། 2020ལོའི་ཟླ་5པའི་ཚེས་21ཉིན། ནན་ཅིང་སྨི་ཧྲེང་རྫ་དཀར་དང་དག་པའི་རྫ་དཀར་མཉམ་ལས་ཁང་གིས་མཉམ་དུ་མ་དངུལ་བཏང་ནས་བོད་ལྗོངས་སྨི་ཧྲེང་དག་པའི་རྫ་དཀར་ལག་ཤེས་ཐོན་རྫས་རྒྱུན་འཛིན་ཚད་ཡོད་ཀུང་སི་བཙུགས་པ་རེད། མཉམ་ལས་རྣམ་གྲངས་འདིས་དག་པའི་ལོ་ངོ་སྟོང་གི་རྫ་བཟོའི་ལག་ཤེས་ལ་གསོན་ཤུགས་གསར་པ་བསྣན། སྲོལ་རྒྱུན་གྱི་དག་པའི་རྫ་བཟོ་ནི་ཅུང་ཁ་འཐོར་དུ་གནས་ཤིང་། ཐོན་སྐྱེད་གཞི་ཁྱོན་ཆུང་བའི་ཁར། རྒྱུན་འཛིན་པ་ཉུང་དུ་སོང་སྟེ། དག་པའི་རྫ་བཟོའི་ལག་ཤེས་སྟོངས་ལ་ཉེ་བའི་གནས་སུ་ལྷུང་། ཉེ་བའི་ལོ་ཤས་རིང་། དག་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ་དག་པའི་རྫ་བཟོའི་ལག་རྩལ་རྒྱ་སྐྱེད་ཀྱི་ཐབས་ལམ་འཚོལ་བའི་ལམ་ལ་ཞུགས་པས་སྲིད་གཞུང་གིས་མཐོང་ཧ་ཅང་ཆེན་པོ་བྱས། དག་པའི་རྫ་དཀར་ཐོན་ས་ནི་བོད་ལྗོངས་སུ་གནས་པས། ས་མཐོར་གསོ་རླུང་དཀོན་ཞིང་གསོ་རླུང་གི་འདུས་ཚད་ནང་ས་ལས་དམའ་བས། རྫ་དཀར་གྱི་སོ་བཏང་བའི་ཐོན་རྫས་ལ་སྐྱོན་ཆ་མི་ཉུང་བ་ཞིག་མཆིས། ས་ཁམས་ཀྱི་འགལ་རྐྱེན་ངན་འདི་རིགས་བསལ་ནས་རྫ་ཆས་ཀྱི་སྤུས་ཚད་གོང་མཐོར་གཏོང་ཆེད། རྣམ་གྲངས་འདིས་རྫ་ཆས་ལ་སོ་གཏོང་བའི་ཐབས་ཤེས་གསར་པ་འཚོལ་ཞིབ་དང་ཞིབ་འཇུག་བྱེད་འགོ་བརྩམས་ཤིང་། མཐར་རྫ་བཟོའི་ཁྲོ་ཐབ་ནང་འདྲེན་བྱས་ནས་གསོ་རླུང་སྣོན་པའི་བྱ་ཐབས་སྤྱད་པར་བརྟེན། ཐོན་རྫས་སྔར་བས་ཞིབ་ཚགས་ཅན་དུ་གྱུར་ནས་སྤུས་ཚད་གོང་མཐོར་སོང་བ་རེད། ལག་རྩལ་རིམ་སྤོར་བྱུང་རྗེས། དག་པའི་རྫ་ཆས་སྣ་ཁ་200ལྷག་ཙམ་དུ་འཕེལ་རྒྱས་བྱུང་སྟེ་ཞིང་འབྲོག་པར་འབབ་འཕར་དང་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་ཡོང་བར་དངོས་ཡོད་རང་བཞིན་གྱི་ཕན་པ་བསྐྲུན་ཡོད། ད་ཆ་ཀུང་སི་འདིར་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་9ཡོད་པ་དང་། ལོ་ན་བགྲེས་ཤོས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བགྲེས་སོང་རྒྱལ་མཚན་དགུང་ལོ་82ལ་སླེབས་ཡོད། 

    སྲོལ་རྒྱུན་ཁྱད་ཆོས་ཀྱི་རྒྱུན་བསྐྱངས་པའི་རྨང་གཞིའི་ཐོག་རྒྱུན་ཆད་མེད་པར་གསར་གཏོད་དང་འཕེལ་རྒྱས་བཏང་བ་བརྒྱུད། འབྱུང་འགྱུར་དག་པའི་རྫ་ཆས་ལ་དེ་བས་རྣམ་པར་བཀྲ་བའི་ཚེ་སྲོག་གི་མེ་ཏོག་བཞད་རྒྱུར་ཐེ་ཚོམ་ཅི། 

འཛམ་གླིང་སྐར་ཁུངས།

▶ལྗར་པན་དུ་ལོ་80ཟིན་ཡང་གླ་བྱེད་རླངས་འཁོར་གཏོང་ཆོག་གི་འདུག

གནད་དོན་དེ་ཐག་གཅོད་བྱ་ཆེད། དེ་སྔོན་ལྗར་པན་གྱིས་ལོ་75ཡན་གྱི་ཁ་ལོ་བས་རང་འགུལ་ངང་རླངས་འཁོར་གཏོང་བའི་ལག་ཁྱེར་གོང་སྤྲོད་བྱེད་དགོས་པའི་སྐུལ་མ་བཏང་ཡང་།

中央广播电视总台 央广网 版权所有

གནའ་བོའི་རྫ་ཆས་ལ་དུས་རབས་ཀྱི་གསོན་ཤུགས་རྒྱས།

སྲོལ་རྒྱུན་ཁྱད་ཆོས་ཀྱི་རྒྱུན་བསྐྱངས་པའི་རྨང་གཞིའི་ཐོག་རྒྱུན་ཆད་མེད་པར་གསར་གཏོད་དང་འཕེལ་རྒྱས་བཏང་བ་བརྒྱུད། འབྱུང་འགྱུར་དག་པའི་རྫ་ཆས་ལ་དེ་བས་རྣམ་པར་བཀྲ་བའི་ཚེ་སྲོག་གི་མེ་ཏོག་བཞད་རྒྱུར་ཐེ་ཚོམ་ཅི།