ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ལྗར་པན་དུ་ལོ་80ཟིན་ཡང་གླ་བྱེད་རླངས་འཁོར་གཏོང་ཆོག་གི་འདུག

2023-10-08 17:38:00     责编:娜科

ལྗར་པན་དུ་གླ་བྱེད་རླངས་འཁོར་བསྡད་མྱོང་ཡོད་ཚེ་ཁྱེད་རང་ལ་བག་ཆགས་ཟབ་ཤོས་གཉིས་འཇོག་སྲིད་པ་དེ་ནི་རིན་གོང་མཐོ་བ་དང་ཁ་ལོ་བ་མང་པོ་ཞིག་ལོ་ན་མཐོ་བའི་བགྲེས་སོང་ཡིན་པ་དེ་ཡིན་སྲིད། དོན་དངོས་ཐོག་ལྗར་པན་གྱི་རྒན་རྒོན་ཅན་དུ་འགྱུར་བའི་གནད་དོན་ཉིན་རེ་བཞིན་ཚབས་ལྕི་རུ་འགྲོ་བ་དང་ཁེ་ལས་མང་པོ་ཞིག་ལ་ལས་མི་ཁ་ཐང་བའི་གནད་དོན་འཕྲད་བཞིན་ཡོད། དེ་དང་ཆབས་ཅིག བགྲེས་སོང་མང་པོ་ཞིག་ལས་ཀ་བྱས་ནས་འཚོ་བ་སྐྱེལ་དགོས་ཀྱི་ཡོད་པ་རེད།

 

 

 

ད་ལོའི་སྤྱི་ཟླ་9ཚེས་18ཉིན་ནི་ལྗར་པན་གྱིས་གཏན་འཁེལ་བྱས་པའི་རྒན་བཀུར་ཉིན་མོ་ཡིན་པ་རེད། ལྗར་པན་སྲིད་དོན་ཁང་གིས་ཁྱབ་བསྒྲགས་བྱས་པའི་མི་གྲངས་ཚོད་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། ལོ་65ཡན་གྱི་བགྲེས་སོང་མི་གྲངས་ཁྲི་3623ཟིན་ནས་སྤྱིའི་མི་འབོར་གྱི་29.1%ཟིན་པ་དང་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་གཏོད་ནས། འཛམ་གླིང་གི་རྒན་རྒོན་བསྡུར་གྲངས་མཐོ་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། ལོ་80ཡན་གྱི་བགྲེས་སོང་མི་གྲངས་ཁྲི་1259ཟིན་པ་དང་བསྡུར་གྲངས་དེ་ཐེངས་དང་པོར་བརྒྱ་ཆ་10ལས་བརྒལ་ཡོད་པ་རེད།

དེ་ལྟར་ལྗར་པན་བ་མི་10ཁྲོད་ལོ་80ཡན་གྱི་བགྲེས་སོང་གཅིག་ཡོད་པ་རེད། བགྲེས་སོང་མང་པོ་ཞིག་མུ་མཐུད་ལས་ཀ་བྱས་ནས་འཚོ་བ་སྐྱེལ་དགོས་ཤིང་། དེའི་ཁྲོད་ལོ་65ཡན་གྱི་བགྲེས་སོང་མི་གྲངས་ཁྲི་912ཟིན་གྱི་ཡོད་པ་རེད།

བགྲེས་སོང་དེ་དག་གི་ལས་ཞུགས་བྱེད་ཚད་25.2%ཟིན་གྱི་ཡོད་པ་དང་། གླ་བྱེད་རླངས་འཁོར་གཏོང་མཁན་གྱི་ཁ་ལོ་བའི་ཆ་སྙོམས་ལོ་ཚད་ལོ་58.3ཟིན་པས་ལོ་ན་བགྲེས་པོའི་ཁ་ལོ་བ་ནི་གླ་བྱེད་རླངས་འཁོར་ལས་རིགས་འདིའི་རྒྱུན་རྣམ་ཅན་དུ་གྱུར་ཡོད།

 

 

 

དོན་དངོས་ཐོག ལྗར་པན་གྱི་རྒྱལ་ཁོངས་ས་ཆའི་འགྲིམ་འགྲུལ་ཁང་གིས་ཉེ་ཆར་སྒེར་གཉེར་གླ་བྱེད་རླངས་འཁོར་གཏོང་བའི་ལོའི་ཚད་བཀག་ལོ་80བར་མཐོ་རུ་བཏང་བ་མ་ཟད། ཁ་ལོ་བར་ཉུང་མཐར་ཡང་ལོ་གཅིག་ཡན་གྱི་འབྲེལ་ཡོད་ལས་ཀའི་ཉམས་མྱོང་ལྡན་དགོས་པའི་བླང་བྱ་ཡང་བཏོན་ཡོད་པ་རེད། ལོ་ན་ཆེ་རུ་སོང་བ་དང་བསྟུན་ནས་མིའི་ཚོར་ཤེས་དང་མིག་ཤེད། རྣའི་དབང་པོ་དེ་བཞིན་དོ་སྙོམས་ཀྱི་ནུས་པ་སོགས་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་མོད། འོན་ཀྱང་ལོ་ན་བགྲེས་པའི་ཁ་ལོ་བ་དག་སྔར་བཞིན་ལས་ཀ་འདིར་བརྟེན་ནས་འཚོ་བ་སྐྱེལ་དགོས་ཀྱི་ཡོད་པ་རེད།

གནད་དོན་དེ་ཐག་གཅོད་བྱ་ཆེད། དེ་སྔོན་ལྗར་པན་གྱིས་ལོ་75ཡན་གྱི་ཁ་ལོ་བས་རང་འགུལ་ངང་རླངས་འཁོར་གཏོང་བའི་ལག་ཁྱེར་གོང་སྤྲོད་བྱེད་དགོས་པའི་སྐུལ་མ་བཏང་ཡང་། མིག་སྔར་རྒྱལ་ཁབ་འགྲིམ་འགྲུལ་ཁང་གིས་གླ་བྱེད་རླངས་འཁོར་གཏོང་མཁན་ཁ་ལོ་བའི་ལོའི་ཚད་བཀག་དེ་ལོ་80བར་མཐོ་རུ་བཏང་བར་རྩོད་གླེང་མི་ཉུང་བ་ཞིག་བྱུང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག ལྷག་པ། ཚེ་ཕུན།

ཡིག་སྒྱུར། རྡོ་རྗེ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶ལྗར་པན་དུ་ལོ་80ཟིན་ཡང་གླ་བྱེད་རླངས་འཁོར་གཏོང་ཆོག་གི་འདུག

གནད་དོན་དེ་ཐག་གཅོད་བྱ་ཆེད། དེ་སྔོན་ལྗར་པན་གྱིས་ལོ་75ཡན་གྱི་ཁ་ལོ་བས་རང་འགུལ་ངང་རླངས་འཁོར་གཏོང་བའི་ལག་ཁྱེར་གོང་སྤྲོད་བྱེད་དགོས་པའི་སྐུལ་མ་བཏང་ཡང་།

中央广播电视总台 央广网 版权所有

▶ལྗར་པན་དུ་ལོ་80ཟིན་ཡང་གླ་བྱེད་རླངས་འཁོར་གཏོང་ཆོག་གི་འདུག

གནད་དོན་དེ་ཐག་གཅོད་བྱ་ཆེད། དེ་སྔོན་ལྗར་པན་གྱིས་ལོ་75ཡན་གྱི་ཁ་ལོ་བས་རང་འགུལ་ངང་རླངས་འཁོར་གཏོང་བའི་ལག་ཁྱེར་གོང་སྤྲོད་བྱེད་དགོས་པའི་སྐུལ་མ་བཏང་ཡང་།