ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བྱིས་པའི་མིག་ཤེད་བདེ་ཐང་ཐད་ནོར་འཁྲུལ་འདི་དག་མི་ཡོང་བ་བྱེད་དགོས།

2023-03-27 17:23:00     责编:娜科

     གཞོན་ནུ་ལོ་ཆུང་གི་མིག་ཤེད་བདེ་ཐང་ལ་ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས་བཅས་ཀྱིས་མཉམ་དུ་སྲུང་སྐྱོང་བྱེད་དགོས། ཉེ་བའི་ལོ་ཤས་རིང་། གློག་རྡུལ་ཐོན་རྫས་ཁྱབ་གདལ་དུ་སོང་བས་བྱིས་པ་དང་གཞོན་ནུ་ལོ་ཆུང་ལ་རྒྱང་སྒྲིབ་ནད་ཕོག་ཚད་མང་དུ་ཕྱིན་ཡོད་པ་དང་།  དེས་ཁྱིམ་བདག་མང་པོ་ཞིག་ལ་སེམས་ཁྲལ་ཆེན་པོ་བཟོ་ཡི་ཡོད། བྱིས་པའི་མིག་ཤེད་རྒྱང་སྒྲིབ་ཆགས་སྐབས། ཁྱིམ་བདག་མང་པོ་ཞིག་ལ་དངངས་འཚུབ་ལངས་རུང་། བྱ་ཐབས་ནོར་བས་ཕན་ཐོགས་ཅི་ཡང་ཡོང་ཐུབ་ཀྱི་མེད། དེས་ན། ནོར་འཁྲུལ་ཅན་གྱི་བྱེད་སྟངས་འགའ་དཔེར་བཞག་ཡོད་པས། ཚང་མས་དོ་སྣང་གནང་རྒྱུའི་རེ་བ་ཡོད།

 

 

ནོར་འཁྲུལ་དང་པོ། ཕྲུ་གུ་སློབ་གྲྭར་བསྐྱོད་རྗེས་ད་གཟོད་མིག་ཤེད་ལ་བརྟག་དཔྱད་བྱེད་དགོས་པ།

     ཁྱིམ་བདག་མང་པོས་བྱིས་པ་སློབ་ཆུང་དུ་བསྐྱོད་རྗེས་མིག་བེད་སྤྱོད་མང་པོ་གཏོང་དགོས་པས། དེ་དུས་ད་གཟོད་མིག་ཤེད་ལ་བརྟག་དཔྱད་བྱེད་དགོས་པར་འདོད་ཀྱི་ཡོད། དོན་དངོས་སུ་ལོ་གསུམ་གྱི་རྗེས་སུ། བྱིས་པས་མིག་ཤེད་འཇལ་བྱེད་ཀྱི་རེའུ་མིག་བལྟ་ཤེས་རྗེས་མང་ཆེ་བས་མིག་ཤེད་ཞིབ་བཤེར་བྱེད་པར་གཞོགས་འདེགས་བྱེད་ཐུབ་པས། མིག་ཤེད་ལ་ཐོག་མའི་ཞིབ་བཤེར་བྱེད་ཐུབ། དེས་ན། ཟླ་གསུམ་ནས་ལོ་ཕྱེད་ཀྱི་ནང་དུ་མིག་ཤེད་ལ་ཞིབ་བཤེར་ཐེངས་གཅིག་བྱེད་དགོས་པ་དང་། སློབ་གྲྭའམ་ཁྱིམ་བདག་གིས་ཚད་ལྡན་གྱི་མིག་ཤེད་འཇལ་བྱེད་རེའུ་མིག་ཉོས་ཏེ་བར་ཐག་སྨི་ལྔ་བཞག་ནས་བྱིས་པར་ཤན་འབྱེད་བྱེད་དུ་འཇུག་ཆོག

དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ། གལ་སྲིད་ཁྱིམ་བདག་གིས་བྱིས་པས་མིག་གསེག་ནས་ལྟ་བ་དང་། མགོ་འཁྱོག་ནས་ལྟ་བ། མིག་རུབ་ནས་ལྟ་བ། མིག་འཕུར་འཕུར་བྱེད་ཞོར་ལྟ་བའམ་ཡང་ན་བརྙན་འཕྲིན་དང་དཔེ་ཆར་བལྟ་སྐབས་བར་ཐག་ཤིན་ཏུ་ཉེ་དུས་དོགས་ཟོན་བྱེད་དགོས། དེ་དུས་ཕལ་ཆེར་མིག་ཤེད་ལ་སྐྱོན་ཤོར་ཡོད། ཁྱིམ་བདག་གིས་དུས་ཐོག་ཏུ་བྱིས་པ་ཁྲིད་ནས་ཚད་ལྡན་གྱི་སྨན་བཅོས་ཚན་པར་སོང་ནས་བྱིས་པར་ཀྱོག་འོད་འཚར་སྐྱེས་ཀྱི་ཡིག་ཚགས་བཟོ་དགོས། ཐོག་མར་ཞིབ་བཤེར་བྱེད་པའི་དུས་ཚོད་ལོ་གསུམ་ལས་མི་འདའ་ན་ལེགས་ཏེ། སྔ་ཙམ་ནས་མིག་ནད་དང་། ཀྱོག་འོད་རྒྱུན་ལྡན་མིན་པ་དཔེར་ན་རྒྱང་སྒྲིབ་དང་། འོད་འཐོར། ཚད་མཐོའི་ཉེ་སྒྲིབ། མིག་ཤེད་སྐྱོ་བ།  གཟི་ལོག་སོགས་ཤེས་རྟོགས་ཐུབ་པ་བྱས་ཏེ། རྒྱང་སྒྲིབ་ཀྱི་འབྱུང་རྐྱེན་བཙལ་ནས་དུས་ཐོག་ཏུ་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་བྱེད་དགོས་པ་དང་། སྔ་ཙམ་ནས་ཐེ་གཏོགས་བྱེད་དགོས། 

 

ནོར་འཁྲུལ་གཉིས་པ། ཏུའུ་གྲངས་མཐོ་པོ་མེད་པ་དེ་རྫུན་གཤིས་རྒྱང་སྒྲིབ་ལ་ངོས་འཛིན་པ།

     ཁྱིམ་བདག་མང་པོ་ཞིག་གིས་བྱིས་པའི་མིག་རྒྱང་སྒྲིབ་རེད་ཟེར་བ་ཐོས་མ་ཐག “རྫུན་གཤིས་ཡིན་ནམ་བདེན་གཤིས་ཡིན”ཞེས་འདྲི་བཞིན་ཡོད། མི་མང་པོ་ཞིག་གིས་བྱིས་པ་ལོ་ན་ཕྲ་ཞིང་ཏུའུ་གྲངས་ཀྱང་དམའ་བས་རྫུན་གཤིས་རྒྱང་སྒྲིབ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། དོན་དངོས་སུ་རྫུན་གཤིས་རྒྱང་སྒྲིབ་ནི་བར་ཐག་ཉེ་པོས་མིག་སྤྱོད་དྲག་པ་དང་། མིག་གི་རྫི་དབྱིབས་ཤ་གྲིམ་སྙོམས་སྒྲིག་གྲིམ་འཁུམ་ལས་བྱུང་བའི་གནས་སྐབས་རང་བཞིན་གྱི་མིག་ཤེད་ཉམས་པ་ཡིན་པས། ངལ་གསོ་འམ་ཡང་ན་རྫི་དབྱིབས་ཤ་གྲིམ་བེམ་སྦྲིད་རྫས་སྨན་ཆུ་མིག་ནང་གཏོར་ན། མིག་དབང་རྒྱུན་ལྡན་དུ་སླར་གསོ་བྱེད་ཐུབ། འོན་ཀྱང་རྒྱུན་ལྡན་གྱི་སྨན་ཁང་དུ་བརྟག་དཔྱད་བྱེད་དུས། མིག་གི་རྒྱལ་མོ་འདལ་བའི་འོད་བཤེར་བྱས་ཟིན་རྗེས། གལ་ཏེ་རྒྱང་སྒྲིབ་ཀྱི་ཏུའུ་གྲངས་ཞིབ་བཤེར་ཐུབ་པ་ཡིན་ན། བྱིས་པ་ལོ་ན་ཕྲ་ཞིང་ཏུའུ་གྲངས་དམའ་བ་གང་ཡིན་རུང་། གྲིམ་འཁུམ་རང་བཞིན་སྙོམས་སྒྲིག་བྱེད་པའི་རྫུན་གཤིས་རྒྱང་སྒྲིབ་མིན་པ་རེད། 

     དེའི་ཕྱིར། བྱིས་པའི་མིག་ཤེད་ཞན་དུ་སོང་བ་ཤེས་ན། དུས་ཐོག་ཏུ་ཚད་ལྡན་སྨན་ཁང་དུ་སོང་ནས་མིག་གི་རྒྱལ་མོ་འདལ་བའི་འོད་བཤེར་བྱ་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ་བ་ཞིག་རེད། མིག་གི་རྒྱལ་མོ་འདལ་བ་བརྒྱུད་རྫུན་གཤིས་རྒྱང་སྒྲིབ་ཡིན་མིན་ཤེས་ཐུབ་ཅིང་། བྱིས་པ་མང་ཆེ་བར་ཆུ་ཚོད་4-6གི་ནང་རང་འགུལ་སླར་གསོ་བྱེད་ཐུབ་པའི་མིག་གི་རྒྱལ་མོ་མྱུར་དུ་འདལ་བའི་འོད་བཤེར་བྱེད་ཐབས་གདམ་ག་བྱས་ཆོག

 

ནོར་འཁྲུལ་གསུམ་པ། རྒྱང་ལ་བལྟ་དུས་མིག་ཤེལ་རྒྱག་པ་དང་ཉེ་སར་བལྟ་དུས་མི་རྒྱག་པ། 

     རྒྱུན་ལྡན་གྱི་མིག་དང་མིག་ཤེལ་བརྒྱབ་པའི་(ཏུའུ་གྲངས་འཚམ་པ)རྒྱང་སྒྲིབ་མིག་གིས་ཉེ་སར་བལྟ་དུས་མིག་འབྲས་ཀྱིས་སྙོམས་སྒྲིག་བྱེད་དགོས་ཀྱི་ཡོད། སྙོམས་སྒྲིག་བྱས་པ་བརྒྱུད་མིག་འབྲས་ཀྱི་དམིགས་རྒྱང་བསྒྱུར་ཏེ། འོད་ཐིག་དེ་རྒྱང་རིང་ནས་ང་ཚོས་མཐོང་བའི་བར་ཐག་ཉེ་བའི་དངོས་པོའི་ཐོག་ཏུ་སྤོས་ན། ད་གཟོད་གསལ་པོར་མཐོང་ཐུབ། 

     རྒྱང་སྒྲིབ་མིག་གིས་མིག་ཤེལ་མ་བརྒྱབ་པའི་གནས་ཚུལ་འོག མིག་འབྲས་ཀྱི་དམིགས་རྒྱང་ཉེ་སར་ཡོད་པས། མིག་འབྲས་ཀྱིས་སྒྱིད་ལུག་སྒོས་སྙོམས་སྒྲིག་མ་བྱས་ནའང་གསལ་པོར་མཐོང་ཐུབ། འོན་ཀྱང་དུས་ཡུན་རིང་བོར་སྒྱིད་ལུག་བྱས་ན་མིག་འབྲས་ཀྱི་སྙོམས་སྒྲིག་བྱེད་ནུས་ཆུང་དུ་འགྲོ་བ་མ་ཟད། ད་དུང་མིག་འབྲས་ཀྱི་ནང་འདུས་ནུས་པར་ཤུགས་རྐྱེན་ཐེབས་སྲིད་པས། རྒྱུན་ལྡན་གྱི་རྣམ་པའི་འོག ཉེ་སར་བལྟ་དུས་མིག་ཟུང་གིས་ནང་དུ་ཚད་ངེས་ཅན་ཞིག་གི་སྒོ་ནས་ཆ་ལྟ་བྱེད་ཀྱི་ཡོད། དེ་ལ་ནང་འདུས་ནུས་པ་ཟེར། སྨན་པས་མངག་བྱ་བྱས་པའི་དམིགས་བསལ་གྱི་གནས་ཚུལ་འོག་མིག་ཤེལ་མ་བརྒྱབ་ན་ཆོག་པ་ལས། དུས་ཚོད་གཞན་དག་གང་རུང་སྐབས་རྒྱང་སྒྲིབ་ཀྱི་བྱིས་པས་རྒྱང་རིང་དང་ཉེ་སར་བལྟ་དུས་མིག་ཤེལ་རྒྱག་དགོས།

 

ནོར་འཁྲུལ་བཞི་པ། མིག་ཤེལ་རྒྱག་ཡུན་ཇི་ཙམ་རིང་ན་རྒྱང་སྒྲིབ་ཀྱི་ཚད་གཞི་ཟབ་ཏུ་འགྲོ་མགྱོགས་པ། 

     མིག་གི་རྒྱལ་མོ་འདལ་ཏེ་ཞིབ་བཤེར་ཐུབ་པའི་རྒྱང་སྒྲིབ་ངོ་མ་ནི་ཟློག་ཏུ་མི་རུང་བ་ཞིག་ཡིན། རྒྱང་སྒྲིབ་མང་ཆེ་བ་ནི་མིག་མདའ་འཕར་སྣོན་བྱུང་བའི་རྐྱེན་ཡིན་པ་དང་། འཚར་ལོངས་འབྱུང་བཞིན་པའི་བྱིས་པ་རྣམས་ནི་ཐེ་གཏོགས་མེད་པའི་གནས་ཚུལ་འོག མིག་མདའ་ནི་གཟུགས་པོ་སྐྱེ་འཚར་བྱུང་བ་དང་བསྟུན་ནས་མུ་མཐུད་དུ་ཇེ་ཆེར་འགྲོ་སྲིད་པས། རྒྱང་སྒྲིབ་ཀྱི་ཏུའུ་གྲངས་ཇེ་དམའ་རུ་མི་འགྲོ་བ་མ་ཟད། དེ་ལས་ལྡོག་སྟེ་མུ་མཐུད་ཇེ་མཐོར་འགྲོ་སྲིད།

    ང་ཚོས་འཚར་སྐྱེའི་མིག་འབྲས་ལྡོག་སྐྱེ་ཡོང་བ་བྱེད་མི་ཐུབ་པ་དེ། མི་གཟུགས་ཆེན་པོ་ཞིག་ཐུང་དུ་གཏོང་ཐབས་མེད་པ་དང་འདྲ་པོ་ཡིན། དེར་བརྟེན། རྒྱང་སྒྲིབ་ཀྱི་ཏུའུ་གྲངས་མཐོ་རུ་འགྲོ་བ་ནི་མིག་ཤེལ་བརྒྱབ་པས་མིན། དེ་ལས་ལྡོག་སྟེ་མིག་ཤེལ་མ་བརྒྱབ་ན་མིག་གི་ཁུར་པོ་ལྕི་རུ་འགྲོ་བས། མིག་ལ་ཤུགས་རྐྱེན་ཐེབས་ཚད་སྔར་བས་ཆེ་རུ་སོང་སྟེ་ཏུའུ་གྲངས་མཐོ་རུ་འགྲོ་སྲིད། དེའི་ཕྱིར། ཏུའུ་གྲངས་འོས་འཚམ་གྱི་མིག་ཤེལ་བརྒྱབ་ནས་མིག་ཤེད་ལེགས་སྒྱུར་བྱེད་དགོས། མིག་མདའ་ཇེ་རིང་དུ་འགྲོ་བ་དང་བསྟུན་ནས། རྒྱང་སྒྲིབ་ཀྱི་ཏུའུ་གྲངས་ཇེ་མཐོར་འགྲོ་ཡི་ཡོད་པས། དུས་ཐོག་ཏུ་འོས་འཚམ་གྱི་མིག་ཤེལ་བརྗེ་དགོས་ལ། ལོ་ཕྱེད་རེའི་ནང་དུ་འོད་བཤེར་བརྟག་དཔྱད་ཐེངས་གཅིག་བྱ་དགོས། 

 

ནོར་འཁྲུལ་ལྔ་པ། མཐོང་ཚོར་སྦྱོང་བརྡར་གྱིས་རྒྱང་སྒྲིབ་རྩ་བ་ནས་བཅོས་ཐུབ། 

     མིག་འབྲས་ཀྱི་མདའ་ཡི་འཕར་ཚད་ནི་ལྡོག་ཏུ་མེད་པ་ཞིག་དང་། རྒྱང་སྒྲིབ་ནི་སེང་དྲག་ཡོང་ཐབས་མེད་པ་ཞིག་ཡིན། འོན་ཀྱང་མཐོང་ཚོར་སྦྱོང་བརྡར་ཚན་པ་མང་པོས་སྦྱོང་བརྡར་གྱི་ཕན་འབྲས་འུད་སྒྲོག་བྱས་ཏེ། རྒྱང་སྒྲིབ་སེང་དྲག་བྱེད་ཐུབ་པར་བསྒྲགས་ཀྱི་ཡོད། དོན་དངོས་སུ་བྱིས་པར་བརྙན་རིས་དབྱེ་འབྱེད་ཀྱི་ནུས་པ་སྦྱོང་བརྡར་བྱས་པ་བརྒྱུད་མིག་ཤེད་རྒྱུན་ལྡན་དུ་སླར་གསོ་བྱས་པའི་སྣང་ཚུལ་རྫུན་མ་བཟོས་པ་ཞིག་ཡིན། 

     དོན་དངོས་སུ། འཕར་སྣོན་བྱུང་ཟིན་པའི་མིག་འབྲས་ཀྱི་མདའ་དང་རྒྱང་སྒྲིབ་ཀྱི་ཏུའུ་གྲངས་དང་། སྲབ་ཏུ་ཕྱིན་པའི་མིག་གི་དྲ་སྐྱི་གང་ཡིན་རུང་ཚང་མར་ལྡོག་ཐབས་བྲལ། སྦྱོང་བརྡར་བྱེད་དྲག་ན་དེ་ལས་ལྡོག་སྟེ་བྱིས་པས་ཐག་ཉེ་སར་མིག་འབྲས་སྤྱོད་ཚད་ཆེ་རུ་ཕྱིན་པའི་རྐྱེན་གྱིས། རྒྱང་སྒྲིབ་ཀྱི་འཕེལ་ཚུལ་མགྱོགས་སུ་གཏོང་སྲིད། ཁྱིམ་བདག་མང་པོས་རང་གི་བྱིས་པའི་མིག་འབྲས་ཀྱི་ཆེད་དུ་གོ་སྐབས་ཕྲན་བུ་ཙམ་ཡང་དམ་འཛིན་བྱེད་ཀྱི་ཡོད་མོད། དོན་དམ་དུ་བླ་མ་ལྷོ་རུ་བཞུགས་སྐུ་ཆས་བྱང་ལ་བསྐྱལ་ཞེས་པ་བཞིན་བྱེད་སྲིད་པས། ཡང་དག་པའི་སྨན་བཅོས་བྱེད་ཐབས་མ་སྤྱད་ན། བྱིས་པའི་མིག་འབྲས་སྲུང་སྐྱོབ་ལ་བར་ཆད་བཟོ་སྲིད།

 

ནོར་འཁྲུལ་དྲུག་པ། OKམིག་ཤེལ་ཡོད་ན་སྒྲོམ་གཞི་ཅན་གྱི་མིག་ཤེལ་རྒྱག་མི་དགོས།

     OKམིག་ཤེལ་ནི་དམིགས་བསལ་ཇུས་འགོད་བྱས་པའི་སྲ་གཟུགས་སྦས་ཐབས་མིག་ཤེལ་ཞིག་ཡིན། མཚན་མོར་མིག་ཤེལ་དེ་བཏགས་ན་མིག་འབྲས་ཀྱི་མིག་སྐྱིའི་ལྟེ་བའི་ཁུལ་དེ་ཚད་ངེས་ཅན་གྱི་སྒོ་ནས་སྙོམས་པོ་བཟོ་ཐུབ། དེས་ན། ཉིན་མོར་གནས་སྐབས་རིང་ཏུའུ་གྲངས་ཆུང་དུ་འགྲོ་ཐུབ་པ་དང་མིག་གསལ་དུ་འགྲོ་ཐུབ། 

     དམིགས་བསལ་གྱི་གནས་ཚུལ་འོག་སྟེ། དཔེར་ན་རྒྱང་སྒྲིབ་ཀྱི་ཏུའུ་གྲངས་མཐོ་བ་དང་། མཚན་མོར་གཉིད་ཉལ་བའི་དུས་ཚོད་མི་འདང་བ་སོགས་ཡིན་ན། མིག་སྐྱིའི་དབྱིབས་ལ་བཟོ་བཅོས་རྒྱབ་པ་དེས་ད་ཡོད་ཀྱི་རྒྱང་སྒྲིབ་མིག་གི་ཏུའུ་གྲངས་མེད་པར་བཟོ་མི་ཐུབ། དེས་ན། ཉིན་མོར་སྔར་བཞིན་ཏུའུ་གྲངས་དམའ་བའི་སྒྲོམ་གཞི་ཅན་གྱི་མིག་ཤེལ་ཞིག་བརྒྱབ་ན་ད་གཟོད་གསལ་པོར་མཐོང་ཐུབ། 

     དེ་མིན། OKམིག་ཤེལ་ལེན་རྒྱུར་སྒུག་པའི་དུས་དང་། OKམིག་ཤེལ་རྒྱག་མཚམས་འཇོག་པའི་དུས་སུ། སྒྲོམ་གཞི་ཅན་གྱི་མིག་ཤེལ་རྒྱག་དགོས་ཀྱི་ཡོད། དེར་བརྟེན། OKམིག་ཤེལ་གྱིས་བྱིས་པར་ཚད་གཞི་ངེས་ཅན་ཐོག་སྒྲོམ་གཞི་ཅན་གྱི་མིག་ཤེལ་སྤྱོད་མི་དགོས་པར་རོགས་རམ་བྱེད་ཐུབ། འོན་ཀྱང་རྒྱང་སྒྲིབ་སེང་དྲག་བཟོ་མི་ཐུབ་པས། དམིགས་བསལ་གྱི་གནས་ཚུལ་འོག་སྔར་བཞིན་སྒྲོམ་གཞི་ཅན་གྱི་མིག་ཤེལ་བཀོལ་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག སྐལ་བཟང་བདེ་སྐྱིད།

སྒྲིག་སྒྱུར། བདུད་འདུལ་རྡོ་རྗེ།   

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

བྱིས་པའི་མིག་ཤེད་བདེ་ཐང་ཐད་ནོར་འཁྲུལ་འདི་དག་མི་ཡོང་བ་བྱེད་དགོས།

དེ་མིན། OKམིག་ཤེལ་ལེན་རྒྱུར་སྒུག་པའི་དུས་དང་། OKམིག་ཤེལ་རྒྱག་མཚམས་འཇོག་པའི་དུས་སུ། སྒྲོམ་གཞི་ཅན་གྱི་མིག་ཤེལ་རྒྱག་དགོས་ཀྱི་ཡོད། དེར་བརྟེན། OKམིག་ཤེལ་གྱིས་བྱིས་པར་ཚད་གཞི་ངེས་ཅན་ཐོག་སྒྲོམ་གཞི་ཅན་གྱི་མིག་ཤེལ