ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

​སྔུར་བ་འཐེན་པ་ནི་ནད་གཞི་ཚབས་ཆེན་དང་འབྲེལ་བ་ཡོད་སྲིད།

2023-03-20 14:15:00     责编:娜科

     སྔུར་བ་འཐེན་པ་ནི་མི་ཚོགས་ཁྲོད་ཡོངས་ཁྱབ་ཆེ་བའི་སྣང་ཚུལ་ཞིག་ཡིན་ལ། ཧ་ལམ་མི་ཚང་མས་སྔུར་བ་འཐེན་མྱོང་ཡོད་སྲིད། མི་མང་པོ་ཞིག་གིས་སྔུར་བ་འཐེན་པ་ནི་གཉིད་སྐྱིད་པོ་ཁུག་ཡོད་པར་བརྩིས་ནས། དུས་ཡུན་རིང་པོར་སྔུར་བ་འཐེན་ཡང་དོ་སྣང་ཆེན་པོ་བྱེད་ཀྱི་མེད། ཡིན་ནའང་རྟག་ཏུའམ་ཡང་ན་སྔུར་བ་འཐེན་པ་ཚབས་ཆེ་བའི་མི་ཚོགས་ཁྲོད་དུ། བདེ་ཐང་གི་མངོན་མེད་རྐྱེན་ངན་གནས་ཡོད་སྲིད་ཅིང་། མི་ལ་ལས་ཐ་ན་བསྡོངས་ནད་ཐོན་ཡང་གནད་དོན་གྱི་ཚབས་ཆེན་རང་བཞིན་ཤེས་རྟོགས་བྱུང་མེད། མི་ཚོགས་དེ་རིགས་ལ་མཚོན་ན་སྔུར་བ་འཐེན་པ་ལས་ནད་རིགས་ཤིག་སློང་སྲིད་པར་དོ་སྣང་བྱེད་དགོས་པ་སྟེ། དེ་ནི་འགག་པའི་རང་བཞིན་གྱི་གཉིད་ཉལ་དབུགས་རྒྱུན་མཚམས་ཆད(OSA)ཡིན།

     ནད་ཡམས་རིག་པའི་བརྟག་དཔྱད་བྱས་པ་གཞིར་བཟུང་ན། རང་རྒྱལ་དུ་ཧ་ལམ་OSAཕོག་པའི་ནད་པ་དུང་ཕྱུར་1.76ཙམ་ཡོད།

སྔུར་བ་ནི་ཅི་ལྟར་བྱུང་བ་ཡིན་ནམ།

     སྔུར་བའི་འབྱུང་རྐྱེན་ལ་རྒྱུ་མཚན་མང་པོ་ཡོད། དབུགས་ལམ་གོང་མའི་འགོག་ཤུགས་ཇེ་ཆེར་སོང་ཚེ། གྲེ་བའི་གནས་ཀྱི་ལྕེ་རྩ་དང་རྐན་ཕུག་སོགས་མཉེན་ཕུང་གྲུབ་ལྷོད་གཡེང་རྣམ་པར་གནས་སྐབས། འོག་ཕྱོགས་སུ་རྡིབ་པ་དང་། དབུགས་འབྱིན་རྔུབ་བྱེད་སྐབས་དབུགས་རྒྱུན་ནི་དབུགས་ལམ་གྱི་དོག་ས་བརྒྱུད་ནས་འགྲོ་བའི་གོ་རིམ་ཁྲོད། ཕུང་གྲུབ་འདར་འགུལ་བྱུང་སྟེ་སྒྲ་ཐོན་པ་དང་། དེར་སྔུར་བ་འཐེན་པ་ཞེས་བརྗོད་ཀྱི་ཡོད། དབུགས་ལམ་ཅི་ལྟར་དོག་ན་དབུགས་རྒྱུན་དེ་ལྟར་དྲག་པོ་ཡོད་ཅིང་། ཕུང་གྲུབ་ཀྱི་འདར་འགུལ་ཡང་སྔར་བས་མངོན་གསལ་ཡིན་ལ། སྔུར་སྒྲ་ཡང་ཇེ་ཆེ་ནས་ཇེ་ཆེར་འགྲོ་བ་ཡིན།

      ཡིན་ནའང་སྔུར་བ་ཡོད་ཚད་ཀྱིས་ལུས་ཕུང་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པའི་ངེས་པ་མེད། མི་ཁག་ཅིག་ལ་སྔུར་སྒྲ་ཡོད་ནའང་གཉིད་ཉལ་གྲུབ་ཚུལ་ལེགས་པོ་ཡོད་ཅིང་། དབྱང་དབུགས་མི་འདང་བའི་གནས་ཚུལ་མེད། སྐབས་དེ་འདྲར་ལུས་ཕུང་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ཀྱི་མེད།

     དབུགས་ལམ་གོང་མའི་འགོག་ཤུགས་ཆེ་དྲགས་པའི་སྐབས་སུ། དབུགས་རྔུབ་པའི་སྐབས་སུ་དབུགས་ལམ་དེ་བས་ཇེ་དོག་ཏུ་འགྲོ་ཞིང་། ཐ་ན་ཡོངས་སུ་འགག་སྟེ་དབུགས་རྒྱུན་དབུགས་ལམ་དུ་བདེ་བླག་ངང་རྒྱུ་མི་ཐུབ། དཔེར་ན་ཆུ་སྦུག་འགག་པའི་སྐབས་སུ་ཆུ་རྒྱུན་ཇེ་ཆུང་དུ་འགྱུར་བ་དང་ཐ་ན་ཆུ་རྒྱུན་ཡོངས་སུ་ཆད་པ་དང་འདྲ།དེ་ལྟར་ཁྲག་རྒྱུན་ཁྲོད་ཀྱི་དབྱང་རླུང་འདུས་ཚད་ཇེ་དམའ་རུ་འགྲོ་བ་དང་། ཀླད་པས་རྣམ་པ་དེ་ཚོ་ཤེས་ཐུབ་རྗེས་ང་ཚོ་གཉིད་ལས་དཀྲོགས་ཤིང་། དབུགས་ལམ་ཡང་བསྐྱར་ཕྱེ་ནས་དབུགས་འབྱིན་རྔུབ་བྱེད་དུ་འཇུག་པ་ཡིན། གཉིད་ལས་དཀྲོགས་པའི་དུས་ཚོད་དེ་རིགས་རྒྱུན་ལྡན་དུ་ཤིན་ཏུ་ཐུང་བ་དང་། ལ་ལ་ཞིག་ང་ཚོས་བརྗེད་འགྲོ་བ་ཡིན། རྣམ་པ་དེ་རིགས་ཐེངས་མང་པོར་རྒྱུན་མཐུད་མ་ཡིན་པའི་ངང་ཐོན་པ་དང་། ཐ་ན་མཚན་གང་པོར་རྒྱུན་མཐུད་བྱེད་པ་ཡིན། རྣམ་པ་དེ་རིགས་ལ་འགག་པའི་རང་བཞིན་གྱི་གཉིད་ཉལ་དབུགས་རྒྱུན་མཚམས་ཆད་(OSA)ཅེས་བརྗོད་པ་ཡིན།

     རྒྱུན་དུ་སྔུར་བ་འཐེན་པའི་མིར་གལ་ཏེ་OSAབྱུང་ཚེ། ཐད་ཀར་རམ་གཞན་རྒྱུད་ཀྱིས་ཚབས་ཆེ་ཞིང་མ་ལག་མང་བའི་བདེ་ཐང་གནད་དོན་བསླངས་བ་ཡིན།

ནད་རྟགས་གང་དག་ཡོད་དམ།

      ཉིན་དཀར་གཉིད་སྲེད་དང་ངལ་དུབ་ཆེ་བ། སྣང་ཚུལ་འདི་རིགས་ནི་རྟག་ཏུ་མཐོང་ན་ཡང་ཧ་ཅང་སྣང་མེད་དུ་འཇོག་སླ་བའི་ནད་རྟགས་ཡིན། རྒྱུན་དུ་དཔེ་ཀློག་དང་ཚོགས་འདུ་ཚོགས་པ། རླངས་འཁོར་བསྐོར་བ་སོགས་ཀྱི་གནས་ཚུལ་འོག་ངལ་དུབ་དང་ཉོབ་པ། རིག་པ་སྒྲིམ་མི་ཐུབ་པ་སོགས་ཀྱི་གནས་ཚུལ་ཐོན་པ་དང་། ད་དུང་ཁོང་ཁྲོ་དང་རླུང་ལངས་པའི་གནས་ཚུལ་ཡང་ཐོན་པ་ཡིན།      སྐབས་ལ་ལར་མི་རང་ཉིད་ཀྱིས་ཤེས་ཚོར་མ་ཐུབ་པར། ཁྱིམ་མིས་ཤེས་རྟོགས་བྱུང་ནས་ད་གཟོད་སྨན་པར་བསྟེན་པ་ཡིན། དེས་ལས་ཆོད་ཇེ་ཆུང་དང་འཚོ་བའི་སྤུས་ཚད་ཇེ་ཞན་དུ་བཏང་བ་དང་། ཚབས་ཆེ་བའི་སྐབས་སུ་ད་དུང་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་ཚེ་སྲོག་གི་ཉེན་ཁ་ཡང་འབྱུང་སྲིད།

     དབུགས་རྒྱུན་ཆད་པ། རྒྱུན་ལྡན་དུ་ཁྱིམ་མིས་ཤེས་རྟོགས་བྱུང་བ་ཡིན་ཏེ། སྔུར་བ་འཐེན་པའི་གོ་རིམ་ཁྲོད་དུ་གློ་བུར་དུ་དུས་མཚམས་ཤིག་ལ་ཧ་ཅང་ལྷིང་འཇགས་ཡིན་ཞིང་། ཐ་ན་དབུགས་རྒྱུན་ཆད་པ་ཡིན། ཡིན་ནའང་སྔུར་སྒྲ་ཇེ་ཆེར་འགྲོ་བ་དང་བསྟུན་ནས་དབུགས་རྒྱུན་སླར་གསོ་བྱུང་བ་དང་། སྐབས་ལ་ལར་མི་རང་ཉིད་ཀྱང་དབུགས་འགག་ནས་གཉིད་ལས་སད་སྲིད།

      ཞོགས་པར་མལ་ལས་ལངས་སྐབས་མགོ་ན་བ། ཧ་ལམ་OSAཕོག་པའི་ནད་པ་10%~30%ལ་ཞོགས་པ་མལ་ལས་ལངས་རྗེས་དུས་ཚོད་ཁ་ཤས་ནང་མགོ་ན་བའི་ནད་རྟགས་ཐོན་གྱི་ཡོད།

     ཞོགས་པ་མལ་ལས་ལངས་སྐབས་མིད་པ་ན་བའམ་མིད་པ་མི་བདེ་བ། མཚན་གང་པོར་གྲེ་བའི་མཉེན་ཕུང་གྲུབ་འདར་འགུལ་དང་ཁ་ནས་དབུགས་འབྱིན་རྔུབ་བྱེད་པའི་གནས་ཚུལ་བརྒྱུད་རྗེས། མི་མང་པོ་ཞིག་ལ་ཞོགས་པ་མལ་ལས་ལངས་སྐབས་མིད་པ་ན་ཞིང་མིད་པ་མི་བདེ་བའི་ནད་རྟགས་ཐོན་པ་ཡིན།

     སྐྱེ་འཚར་དལ་བ། རྒྱུན་དུ་བྱིས་པའི་ཁྲོད་བྱུང་བ་ཡིན།

 

སྙིང་ཁམས་ཁྲག་རྩའི་མ་ལག་གི་ནད།

      ཚང་མས་མཐོང་ཆེན་བྱེད་དགོས་པ་ཞིག་ནི། ཞིབ་འཇུག་མང་པོ་ལས་མངོན་པར། OSAདང་སྙིང་ཁམས་ཁྲག་རྩའི་བསྡོངས་ནད་མང་པོ་དང་འབྲེལ་བ་ཡོད་ཅིང་། དེར་ཁྲག་ཤེད་མཐོ་བ་དང་། སྙིང་ཁང་འདར་འགུལ། སྙིང་ཤུགས་ཉམས་པ། ཏོག་དབྱིབས་འཕར་རྩའི་ནད། གྲིབ་ནད། གློ་བའི་འཕར་རྩའི་མཐོ་གནོན་སོགས་ཚུད་ཡོད། OSAཚབས་ཆེ་ཤོས་དང་སྙིང་ཁམས་ཁྲག་རྩའི་ཤི་ཚད་དང་འབྲེལ་བ་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གངས་ཕྲུག་བློ་རྒྱ།

ཡིག་སྒྱུར། རྡོ་རྗེ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

​སྔུར་བ་འཐེན་པ་ནི་ནད་གཞི་ཚབས་ཆེན་དང་འབྲེལ་བ་ཡོད་སྲིད།

ཚང་མས་མཐོང་ཆེན་བྱེད་དགོས་པ་ཞིག་ནི། ཞིབ་འཇུག་མང་པོ་ལས་མངོན་པར། OSAདང་སྙིང་ཁམས་ཁྲག་རྩའི་བསྡོངས་ནད་མང་པོ་དང་འབྲེལ་བ་ཡོད་ཅིང་། དེར་ཁྲག་ཤེད་མཐོ་བ་དང་། སྙིང་ཁང་འདར་འགུལ།