ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

2023-03-20 14:14:00     责编:娜科

      ཧྥ་རན་སིའི་སྨྱན་སྦྱོར་གྱིས་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་10ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཞིབ་འཇུག་གསར་ཤོས་ཤིག་ལས་མངོན་པར། རྒྱ་མཚོར་སྤོས་འགྱིག་གད་སྙིགས་ཀྱི་སྦགས་བཙོག་ཕོག་སྟེ། སྤྱི་ལོ་2019ལོའི་བར་འཛམ་གླིང་ཧྲིལ་པོའི་རྒྱ་མཚོའི་ནང་གི་སྤོས་འགྱིག་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཟིན་ནས་རྒྱ་མཚོའི་སྤོས་འགྱིག་གི་སྦགས་བཙོག་ཚབས་ཆེར་འགྲོ་བཞིན་ཡོད་པ་རེད།

     ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་3པའི་ཚེས་8ཉིན་རྒྱལ་སྤྱིའི་དུས་དེབ《སྤྱི་པའི་ཚན་རིག་དཔེ་མཛོད་ཁང》ཞེས་པའི་ཐོག་སྤེལ་བའི་ཞིབ་འཇུག་ཞིག་ལས་མངོན་པར།  སྤྱི་ལོ་2019ལོའི་བར། གོ་ལ་ཧྲིལ་པོའི་རྒྱ་མཚོའི་ཁྲོད་གཡེང་བའི་སྤོས་འགྱིག་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཟིན་པ་དང་། ལྗིད་ཚད་ཁྱོན་སྡོམ་ཏུན་ཁྲི་230ཙམ་ཟིན་ཡོད་པ་རེད། དོ་སྣང་བྱེད་དགོས་པ་ཞིག་ལ་ཞིབ་འཇུག་མི་སྣས་སྤྱི་ལོ་1979ལོ་ནས་སྤྱི་ལོ་2019ལོའི་བར་གྱི་ལོ་བཞི་བཅུ་ཡི་ནང་ནུབ་རྒྱ་མཚོ་ཆེན་མོ་དང་། ཞི་བདེ་རྒྱ་མཚོ་ཆེན་མོ། ཧིན་རྡུ་རྒྱ་མཚོ། དེ་བཞིན་ཏིས་ཀྲུང་རྒྱ་མཚོའི་སྦགས་བཙོག་གནས་ཚུལ་ལ་དབྱེ་ཞིབ་བྱས་རྗེས་ཤེས་པར། སྤྱི་ལོ་1990ལོའི་གོང་སྤོས་འགྱིག་གད་སྙིགས་མངོན་གསལ་དོད་པོས་མང་དུ་ཕྱིན་མེད་པ་དང་། སྤྱི་ལོ་1990ལོ་ནས་སྤྱི་ལོ་2005ལོའི་བར་དུ་འགྱུར་བ་བྱུང་མགོ་ཚུགས་པ་དང་། སྤྱི་ལོ་2005ལོ་ནས་བཟུང་མགྱོགས་མྱུར་ངང་ཚབས་ཆེ་རུ་ཕྱིན་ཡོད་པ་རེད། 

     ཞིབ་འཇུག་ལས་མངོན་པར། རྒྱ་མཚོའི་སྤོས་འགྱིག་གི་གད་སྙིགས་མང་ཆེ་བ་ཉ་དྲ་དང་གཡེང་དངོས་སོགས་ཉ་འཛིན་ཆས་ཡིན་པ་དང་། དེ་རྗེས་གྱོན་གོས་དང་། རླངས་འཁོར་གྱི་འཁོར་ལོ། ཐེངས་གཅིག་རང་བཞིན་གྱི་སྤོས་འགྱིག་ཐོན་རྫས་སོགས་རེད། ཞིབ་འཇུག་ནང་བསྟན་པར། སྤོས་འགྱིག་འདི་དག་རྒྱ་མཚོའི་ནང་དུ་བཞུར་རྗེས་སྤོས་འགྱིག་རིལ་བུ་ཆུང་ཆུང་དུ་གྱུར་ཡོད་ཅིང་། རྒྱ་མཚོའི་སྐྱེ་དངོས་ཁག་ཅིག་གིས་ཟས་རིགས་ཡིན་པར་འཁྲུལ་ནས་དེ་མིད་ནས་འཆི་བཞིན་ཡོད། 

     གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་། མིག་སྔའི་འཕེལ་ཕྱོགས་ནས་བལྟས་ན། སྤྱི་ལོ་2050ལོར་སླེབས་སྐབས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་རྒྱལ་ཁབ་ཀྱི་སྤོས་འགྱིག་གི་ལོ་རེའི་སྤྱོད་ཚད་ནི་སྤྱི་ལོ་2019ལོའི་ལྡབ་གཉིས་ཟིན་ནས་ཏུན་དུང་ཕྱུར་4.51བར་བསླེབ་རྒྱུ་ཡིན་པ་རེད།  གནས་ཚུལ་སྤེལ་བར་གཞིགས་ན། གལ་ཏེ་བྱ་ཐབས་སྤྱད་ནས་བཅོས་སྒྲིག་མ་བྱས་ཚེ་འཛམ་གླིང་ཧྲིལ་པོའི་སྤུས་འགྱིག་གད་སྙིགས་སྔར་བས་མང་དུ་ཕྱིན་ནས་རྒྱ་མཚོའི་སྦགས་བཙོག་ཆེ་རུ་འགྲོ་རྒྱུ་རེད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བཀྲ་ཤིས་བཟང་པོ།

ཡིག་སྒྱུར། སྒྲོལ་མ་མཚོ།

中央广播电视总台 央广网 版权所有

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།