ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཞི་བདེ་རྒྱ་མཚོ་ནི་ལྗར་པན་གྱི་བཙོག་ཆུ་འབུད་ས་མིན།

2021-04-17 17:38:00     责编:桑吉卓玛
 

       ལྗར་པན་སྲིད་གཞུང་གིས་རྒྱ་མཚོར་འབུད་པའི་ཐབས་ལམ་སྤྱད་དེ་ཧྥུ་ཏའོ་ཉིང་རྡུལ་ས་ཚིགས་ཀྱི་ཉིང་རྡུལ་བཙོག་ཆུ་ཐག་གཅོད་བྱ་རྒྱུའི་ཐག་བཅད་པར་དམིགས་ནས། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་སྤྱི་ཚེས་14ཉིན་བསྟུད་མར་དྲི་བ་ཐེངས་གསུམ་དྲིས་ནས། ལྗར་པན་གྱིས་རྒྱ་མཚོའི་ནང་དུ་ཉིང་རྡུལ་བཙོག་ཆུ་འབུད་པར་ཁ་རྡུང་བཏང་ཡོད།

       ཀྲའོ་ལི་ཅན་གྱིས་བསྟན་དོན། ལྗར་པན་གྱི་སྨྱན་སྦྱོར་ནས། ལྗར་པན་ཕྱོགས་ཀྱི་རྒྱ་མཚོར་བཙོག་ཆུ་འབུད་པའི་བྱ་བ་དེ་ཧ་ལམ་ལོ་གཉིས་ཀྱི་རྗེས་སུ་བསྒྲུབ་འགོ་རྩོམ་རྒྱུ་ཡིན་པ་དང་། དུས་ཡུན་ལོ་30ཡི་རིང་རྒྱུན་མཐུད་རྒྱུ་རེད། ཕྱིར་འབུད་གྲབས་ཡོད་པའི་ཉིང་རྡུལ་བཙོག་ཆུ་ཏུན་ས་ཡ་གཅིག་ལས་བརྒལ་རྒྱུ་དང་། ཕྱིར་འབུད་གྲངས་འབོར་འདི་འདྲའི་མང་ཞིང་། རྒྱུན་མཐུད་དུས་ཡུན་འདི་འདྲའི་རིང་བ། འབྲེལ་ཡོད་ས་ཁོངས་འདི་འདྲའི་རྒྱ་ཆེ་བ། ཉེན་ཁའི་རིམ་པ་འདི་འདྲའི་མཐོ་བ་བཅས་ནི་སྔོན་བྱུང་མ་མྱོང་བ་ཞིག་ཡིན་ཚུལ་བརྗོད་ཡོད། འདིར་ངས་དྲི་བ་གསུམ་འདོན་རྒྱུ་ཡིན་པས། ལྗར་པན་ཕྱོགས་ཀྱིས་ལན་གདབ་པར་འཚལ།

  • དང་པོ། ལྗར་པན་ཕྱོགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་དོགས་པ་དང་དངོས་ཡོད་ཀྱི་སེམས་ཁྲལ་ལ་དོ་སྣང་བྱེད་ཀྱི་ཡོད་དམ།

  • གཉིས་པ། ལྗར་པན་གྱི་བྱེད་སྟངས་འདི་རྒྱལ་སྤྱིའི་བཅའ་ཁྲིམས་དང་འཚམ་གྱི་ཡོད་དམ། 

  • གསུམ་པ། ལྗར་པན་གྱིས་འབུད་རྩིས་ཡོད་པའི་ཉིང་རྡུལ་བཙོག་ཆུ་དངོས་གནས་རྒྱལ་སྤྱིའི་ཚད་གཞི་དང་འཚམ་མམ།

 

 

       ཀྲའོ་ལི་ཅན་གྱིས་རྒྱ་མཚོ་ནི་ལྗར་པན་གྱི་གད་སྙིགས་བླུག་སྣོད་མིན་ལ། ཞི་བདེ་རྒྱ་མཚོའང་ལྗར་པན་གྱི་ས་འོག་ཆུ་ལམ་མིན། ལྗར་པན་གྱི་ཉིང་རྡུལ་བཙོག་ཆུ་ཡིས་འཛམ་གླིང་ཧྲིལ་པོར་གནོད་པ་སྐྱེལ་མི་འོས། ལྗར་པན་གྱི་གཞུང་ཕྱོགས་མི་སྣ་ཁ་ཤས་ཀྱིས་ཆུ་འདི་དག་བཏུང་ནའང་སྐྱོན་མེད་ཚུལ་བརྗོད་ཡོད། བྱས་ན། ཁོ་པས་ཆུ་དེ་བཏུང་རྗེས་ད་གཟོད་སྐད་ཆ་འདི་བཤོད་པའི་ནུས་པ་ཡོད་དམ། ལྗར་པན་གྱི་ཧྲུའེ་ཝུའུ་ནད་ཀྱི་དོན་རྐྱེན་བྱུང་ནས་ཡུན་རིང་ཕྱིན་མེད་ལ། ས་གནས་དེ་གའི་མང་ཚོགས་ཀྱི་ན་ཟུག་ད་དུང་འཇགས་མེད། ལྗར་པན་གྱིས་ལོ་རྒྱུས་ཀྱི་སྐྱོ་གར་བརྗེད་མི་འོས་ལ། དེ་བས་ཀྱང་ཤེས་རུང་མི་ཤེས་པའི་ཁུལ་བྱ་མི་འོས་ཞེས་ནན་སྟོན་གནང་ཡོད།

 

 

 

       ཀྲའོ་ལི་ཅན་གྱིས། ང་ཚོས་ལྗར་པན་ཕྱོགས་ཀྱིས་རང་ཉིད་ཀྱི་འགན་འཁྲིར་ངོས་འཛིན་གསལ་པོ་དང་། ཚན་རིག་དང་མཐུན་པའི་རྣམ་འགྱུར་འཛིན་པ། རྒྱལ་སྤྱིའི་འོས་འགན་བསྒྲུབ་པ་བཅས་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་དང་། ཁྱིམ་མཚེས་རྒྱལ་ཁབ། དེ་བཞིན་རང་རྒྱལ་ཁབ་ཀྱི་མང་ཚོགས་བཅས་ཀྱིས་དོ་ཁུར་ཆེན་པོ་བྱེད་བཞིན་པར་དགོས་ངེས་ཀྱི་ལན་སློག་པར་སྐུལ་མ་དྲག་པོ་གཏོང་རྒྱུ་ཡིན། ལྗར་པན་ཕྱོགས་ཀྱིས་ཧྥུ་ཏའོ་ཉིང་རྡུལ་ས་ཚིགས་ཀྱི་ཉིང་རྡུལ་བཙོག་ཆུ་ཐག་གཅོད་ཀྱི་གནད་དོན་ལ་ཡང་བསྐྱར་ཞིབ་བལྟ་བྱས་ནས། ཁེ་ཕན་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་གྲོས་མོལ་གང་ལེགས་བྱས་ཏེ་གྲོས་མཐུན་མ་བྱུང་བའི་སྔོན་ལ་ཅི་བསམ་གང་འདོད་སྒོས་རྒྱ་མཚོར་འབུད་མི་རུང་། ཀྲུང་གོའི་ཕྱོགས་ནས་སྔར་ལས་ལྷག་པའི་སྒོ་ནས་ལན་ཆ་བྱེད་དབང་སོར་འཇོག་བྱ་རྒྱུ་ཞེས་བསྟན་གནང་ཡོད།  

 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག ཟླ་བ་ཚེ་རིང་།

ཡིག་སྒྱུར། རིན་ཆེན་མཚོ།

中央广播电视总台 央广网 版权所有

ཞི་བདེ་རྒྱ་མཚོ་ནི་ལྗར་པན་གྱི་བཙོག་ཆུ་འབུད་ས་མིན།

ལྗར་པན་སྲིད་གཞུང་གིས་རྒྱ་མཚོར་འབུད་པའི་ཐབས་ལམ་སྤྱད་དེ་ཧྥུ་ཏའོ་ཉིང་རྡུལ་ས་ཚིགས་ཀྱི་ཉིང་རྡུལ་བཙོག་ཆུ་ཐག་གཅོད་བྱ་རྒྱུའི་ཐག་བཅད་པར་དམིགས་ནས། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་སྤྱི་ཚེས་14ཉིན་བསྟུད་མར་དྲི་བ་ཐེངས་གསུམ་དྲིས་ནས། ལྗར་པན་གྱིས་རྒྱ་མཚོའི་ནང་དུ་ཉིང་རྡུལ་བཙོག་ཆུ་འབུད་པར་ཁ་རྡུང་བཏང་ཡོད།