ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འགོ་བརྗོད་གསར་འགྱུར།

མིའི་རིཊ་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུཊ་རྒྱུ་བཏོན་ནས་ལོ10འཁོར་བ།

2023-03-26 11:32:00     责编:娜科

     ཀྲུའུ་ཞི་ཞི་ཅིན་ཕིང་གིས།  ང་ཚོས་ཤེས་དཔལ་མི་འདྲ་བར་ཕན་ཚུན་བརྩི་འཇོག་དང་ཞི་མཐུན་མཉམ་གནས་ཡོང་རྒྱུར་སྐུལ་འདེད་བཏང་ནས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དེ་ནི་རྒྱལ་ཁབ་ཁག་གི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བའི་སྦྲེལ་ཟམ་ལྟ་བུ་དང་།  མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ཡོང་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས།  འཛམ་གླིང་གི་ཞི་བདེར་སྲུང་སྐྱོང་བྱེད་པའི་སྒྲོག་ཐག་ལྟ་བུ་བཅས་ཡིན་ཞེས་གསུངས་ཡོད།  ལོ་བཅུའི་རིང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པའི་འདུ་ཤེས་ཀྱི་མཛུབ་ཁྲིད་འོག ཀྲུང་གོས་ཤེས་དཔལ་མི་འདྲ་བའི་སྤེལ་རེས་དང་གླེང་མོལ་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་མཉམ་མྱོང་གི་འཛམ་གླིང་ཤེས་དཔལ་གྱི་མེ་ཏོག་ལྡུམ་ར་མཉམ་སྐྲུན་བྱས་ཡོད།

      མི་རིང་བའི་གོང་འཚོགས་པའི་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་དབར་གྱི་མཐོ་རིམ་གླེང་མོལ་ཚོགས་འདུའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཏོན་གནང་བ་དང་། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པའི་ལག་ལེན་གྱི་ཐབས་ལམ་སྔར་བས་ཕུན་སུམ་ཚོགས་སུ་དང་རྒྱ་ཆེར་བཏང་ཡོད། 

      མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་པུའུ་སོགས་རྒྱལ་སྤྱིའི་སྒྲིག་འཛུགས་གནས་ཡུལ་དུ་དུས་རབས་གསར་པའི་ཀྲུང་གོའི་ཤེས་དཔལ་ལྟ་བ་རྒྱས་བཤད་གཏིང་ཟབ་གནང་བ་ནས་ཨ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་དངོས་སུ་འཚོགས་རྒྱུའི་གྲོས་འགོ་བཏོན་གནང་བའི་བར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ལ་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་དོན་སྙིང་རྒྱས་བཤད་ཡང་ནས་བསྐྱར་དུ་གནང་བ་དང་།  ཞི་བདེ་དང་། འཕེལ་རྒྱས། དྲང་གཞག  དྲང་བདེན།  དམངས་གཙོ།  རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པའི་མི་ཆོས་རིན་ཐང་ཕུན་སུམ་ཇེ་ཚོགས་སུ་གཏོང་གནང་མཛད་ཡོད།  

    མར་ཐ་ཧྲེང་མ་ཁེ་ལེ་ཐི་སློབ་འབྲིང་གི་ཀྲུང་གོའི་ཟུར་གཅིག་ཞེས་པའི་སྤེལ་རེས་ཁུལ་དུ་སློབ་གྲོགས་ཚོས་ཀྲུང་གོས་ཁྱད་ཆོས་ཀྱིས་ཕྱུག་པའི་དཀར་ཡོལ་ནང་ལུ་མིག་མེ་ཏོག་གི་ཇ་སྦང་བ་དང་བྲོ་བ་མྱོང་བའི་ཁྲོད་ནས་ཀྲུང་གོའི་ཇའི་རིག་གནས་ཉམས་ལེན་བྱས་ཡོད།  ཀྲུང་གོའི་ཟུར་གཅིག་ཞེས་པའི་རིག་གནས་སྤེལ་རེས་བྱ་ཡུལ་ཆུང་ཆུང་དེ་ནི་ས་གནས་དེ་གའི་སློབ་མས་ཀྲུང་གོར་རྒྱུས་ལོན་བྱེད་པའི་སྐར་ཁུང་ལྟ་བུ་ཞིག་ཏུ་གྱུར་ཡོད།  ཟུར་གཅིག་སྤེལ་རེས་ཁུལ་འཛུགས་མཁན་དགེ་རྒན་ཨ་ཙུའོ་ཕ་ཏིས་ན་ནིང་དགེ་སློབ་ཚོའི་ཚབ་ཞུས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་པ་དང་།  རྒན་ལགས་ཁོང་གིས་《གུས་ལུགས་ཟིན་ཐོའི་》ནང་གི་༼འཕགས་པས་གནམ་འོག་ཁྱིམ་ཚང་གཅིག་ལྟར་བརྩི་༽ཞེས་པ་དྲངས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་ལ་ཁས་ལེན་བྱེད་ལུགས་མཚོན་པར་གནང་ཡོད། 

    ཨ་ཙུའོ་ཕ་ཏིས།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་ལ་བློ་གྲོས་ཧ་ཅང་ཆེན་པོ་ལྡན་པས་རིག་གནས་ཀྱི་ཁྱད་པར་འཕྲད་སྐབས་ང་ཚོས་ཟམ་པ་འཛུགས་དགོས་པ་ལས་གྱང་བརྩིག་མི་རུང་།   རྒྱུ་མཚན་ནི་ང་ཚོ་ཁྱིམ་ཚང་ཆེན་པོ་གཅིག་གི་ཁོངས་སུ་གཏོགས་པས་རེད།  ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་དེ་ཐུན་མོང་གི་ཕུགས་རེ་དང་དམིགས་ཚད་དུ་བརྩི་དགོས་ཞེས་གསུངས་ཡོད། 

    ༼གནམ་འོག་སྤྱི་སྙོམས་ཆེན་པོ་དེ།  འཆམ་མཐུན་མཉམ་གནས་ཐུབ་པར་བརྩོན་༽ཞེས་པ་ནི་ཀྲུང་ཧྭ་མི་རིགས་ཀྱིས་གནའ་སྔ་མོ་ནས་བཟུང་མིའི་རིགས་ཀྱི་སྤྱི་ཚོགས་ལ་བཅངས་པའི་མཛེས་སྡུག་ལྡན་པའི་རེ་སྨོན་ཡིན་ལ།  མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་འཛུགས་པར་འདུས་པའི་རིག་གནས་ཀྱི་འབྱུང་ཁུངས་ཀྱང་ཡིན།   ལོ་ངོ་སྟོང་ཕྲག་བརྒལ་བའི་ཡུན་ཀང་བྲག་ཕུག་སྒྱུ་རྩལ་གྱི་གཞི་རྒྱུ་སྣ་མང་མཉམ་འདྲེས་བྱུང་ཡོད་པ་དེ་ནི་ཀྲུང་ཧྭའི་ཤེས་དཔལ་གནའ་སྔ་མོ་ནས་བཟུང་སྒོ་དབྱེ་དང་ཁོང་ཡངས་ཀྱི་དཔང་པོ་ཡིན།  

     ཁམ་ཕུ་ཁྲེར་ཁམ་ཕུ་ཁྲེའི་རྒྱལ་པོའི་ཕོ་བྲང་གི་རྗེས་ཤུལ་སྲུང་སྐྱོབ་ཉམས་གསོའི་ལས་དོན་མིག་སྔར་སྒྲུབ་བཞིན་ཡོད།  དེ་ནི་ཀྲོའུ་ས་ལྷ་ཁང་དང་ཁྲ་ཅའོ་དགོན་རྗེས་ཀྲུང་གོས་ཁམ་ཕུ་ཁྲེའི་རིག་དངོས་སྲུང་སྐྱོབ་ཉམས་གསོ་བྱེད་པའི་དུས་ཐེངས་གསུམ་པའི་ལས་གྲྭ་ཞིག་རེད། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཞི་ཝ་གནའ་གྲོང་གི་སྲུང་སྐྱོབ་ཉམས་གསོ་ནས་ཀྲུང་གོ་དང་སོ་ཏི་ཨ་རབ་དང་། ཀྲུང་གོ་དང་ལོ་སིའི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་བར་ཉེ་བའི་ལོ་ཤས་རིང་ཀྲུང་གོའི་རིག་དངོས་ལས་དོན་པས་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་༼མཛེས་པ་གཞན་ཡང་ལྷག་ཏུ་མཛེས། མཛེས་པ་མི་ཀུན་མཉམ་དུ་མྱོང་༽ཞེས་པར་འགྲེལ་བཤད་ཟམ་མི་ཆད་པར་བརྒྱབ་ཡོད།  

     ཀྲུང་གོའི་རིག་གནས་ཤུལ་བཞག་ཞིབ་འཇུག་གླིང་རྒྱལ་སྤྱིའི་མཉམ་ལས་ལྟེ་གནས་ཀྱི་ཝང་ཅིན་གྱིས། ང་ཚོ་མཉམ་ལས་མ་བྱས་གོང་སྔོན་ལ་ལྷག་བསམ་རྣམ་དག་གིས་གཞན་ལ་ཤེས་རྟོགས་དང་བརྩི་འཇོག་བྱེད་པ་དང་ཆབས་ཅིག ཁོང་ཚོའི་ཤེས་དཔལ་སླར་ཡང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བ་དང་རྒྱུན་འཛིན་བྱེད་པའི་བརྒྱུད་རིམ་ནང་ང་ཚོ་དང་འཛམ་གླིང་ས་གནས་ཁག་དབར་ཧ་ཅང་དམ་ཟབ་ཀྱི་ལས་དབང་གཅིག་མཐུན་མ་ལག་ཆགས་ཡོད་ཅེས་གསུངས་ཡོད། 

     རྒྱུད་གཅིག་ལམ་གཅིག་གི་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་བ་ནས་དར་གོས་ལམ་བུའི་རྒྱལ་སྤྱིའི་ཟློས་གར་ཁང་དང་། རྟེན་རྫས་བཤམས་མཛོད་ཁང་། མཛེས་རྩལ་ཁང་བཅས་ཀྱི་མནའ་འབྲེལ་འཛུགས་པའི་བར།  སློབ་གསོ་དང་། འཕྲོད་བསྟེན། ལུས་རྩལ། ཡུལ་སྐོར་སོགས་ཀྱི་མཉམ་ལས་དྲ་བ་བཙུགས་པ་ནས་གཞོན་ནུ་དང་། རིག་མཛོད། སྲིད་ཏང་། སྨྱན་སྦྱོར་བཅས་དབར་གྱི་གླེང་མོལ་དང་སྤེལ་རེས་བྱ་རྒྱུར་སྐུལ་འདེད་གཏོང་བའི་བར། ཀྲུང་གོས་དམངས་སེམས་ཀྱི་འབྲེལ་བ་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས། འཛམ་གླིང་དང་མཉམ་དུ་སྣ་མང་མཉམ་འགུལ་གྱི་མི་ཆོས་རིག་གནས་སྤེལ་རེས་ཀྱི་རྣམ་པ་རེ་རེ་བཞིན་བཏོད་དེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད།  

     འདི་ལོའི་སྤྱི་ཟླ་གཉིས་པར་ཀྲུང་གོ་དང་ཀེ་རི་སེས་ཐུན་མོང་ཐོག་གྲབས་འཛུགས་བྱས་པའི་ཀྲུང་གོ་དང་ཀེ་རི་སེའི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་ལྟེ་གནས་དངོས་སུ་བཙུགས་པ་དང་། ཤེས་དཔལ་ཆེན་པོ་གཉིས་ཀྱི་འོད་མདངས་ཕན་ཚུན་འཕྲོ་རེས་བྱས་ནས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་དཔེ་བཟང་བཏོད་ཡོད།  

     ཀྲུང་གོ་དང་ཀེ་རི་སེའི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་ལྟེ་གནས་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སི་ཐའེ་ལི་ཨའོ་སི་·ཝེའར་ཝུའེ་ཏ་ཅི་སིས། ཤེས་དཔལ་རེ་རེ་ནི་ཤེས་དཔལ་གྱི་མེ་ལོང་གཞན་ཞིག་དང་འདྲ། ཀྲུང་གོ་དང་ཀེ་རི་སེའི་གནའ་བོའི་ཤེས་དཔལ་ཆེན་པོ་གཉིས་དབར་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དེས་མང་ཚོགས་ཀྱི་བསམ་ཤེས་དང་ཡིད་ཆེས་སྔར་བས་ཆེ་རུ་འགྲོ་རྒྱུ་རེད་ཅེས་གསུངས་ཡོད། 

     ཤེས་དཔལ་ལ་མཛེས་སྡུག་གི་དབྱེ་བ་ལས་བཟང་ངན་གྱི་དབྱེ་བ་གཏན་ནས་མེད། ཤེས་དཔལ་གྱི་འགལ་རྐྱེན་སྨྲ་བ་དང་རིགས་རྒྱུད་ཀྱི་ཁྱད་དུ་འཕགས་པའི་རྣམ་བཤད་གླེང་བ་སོགས་ཀྱི་བཤད་ཚུལ་ལ་དམིགས་ཏེ། ཀྲུང་གོས་ཕན་ཚུན་གྱི་ལོ་རྒྱུས་དང་། རྒྱལ་ཁབ་ཀྱི་གནས་ཚུལ། འཕེལ་རྒྱས་ཀྱི་བགྲོད་ལམ་བཅས་ལ་བརྩི་འཇོག་བྱ་རྒྱུ་དར་སྤེལ་གསལ་པོ་བཏང་བ་དང་།  ཤེས་དཔལ་སྤེལ་རེས་དེ་ཤེས་དཔལ་གྱི་འགལ་ཟླ་ལས་བརྒལ་བ་དང་།  ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་དེ་ཤེས་དཔལ་གྱི་འགལ་ཟླ་ལས་བརྒལ་བ། ཤེས་དཔལ་མཉམ་གནས་དེ་ཤེས་དཔལ་གྱི་ཁྱད་འཕགས་རང་རློམ་ལས་བརྒལ་བ་བཅས་ནན་བཤད་བྱས་ཡོད།  

     སྤྱི་ལོ་2022ལོའི་པེ་ཅིང་གི་མཁའ་དབྱིངས་སུ་ཚོན་ཁྲ་ཅན་གྱི་ཤོག་སྦག་ཆེན་པོས་༼བྱིའུ་ཚང་༽མཁའ་དབྱིངས་སུ་མཐུན་སྒྲིལ་མཚོན་པའི་ཨོ་རྩལ་འགྲན་ཚོགས་ཀྱི་ཨ་ལོང་ལྔ་དང་གནམ་འོག་ཁྱིམ་ཚང་གཅིག་ལྟར་བརྩི་ཞེས་པའི་ཡི་གེ་བསྟན་པ་དེ་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་ལ་གསོན་ཉམས་དོད་པའི་གསལ་འགྲེལ་བྱས་པ་ཞིག་ཡིན་པ་དེ་ནི་འཛམ་གླིང་གིས་བརྗེད་མི་སྲིད། རྒྱལ་ཁབ་ཁག་གི་མདུན་ལམ་དང་ལས་དབང་གཅིག་ཏུ་འབྲེལ་བའི་དེང་གི་དུས་འདིར་ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འཛམ་གླིང་རྒྱལ་ཁབ་ཁག་གི་སྤྱི་ཚོགས་ཀྱི་མི་ཆོས་རིག་གནས་སྤེལ་རེས་དང་། རིག་གནས་མཉམ་འདྲེས། དམངས་སེམས་གཅིག་མཐུན་བཅས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དེ། འཛམ་གླིང་ཤེས་དཔལ་གྱི་མེ་ཏོག་ལྡུམ་ར་མཛེས་སྡུག་རྣམ་པར་བཀྲ་བ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བ་བྱ་རྒྱུ་ཡིན་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག ཟླ་བ་ཚེ་རིང་། 

ཡིག་སྒྱུར། བསྟན་འཛིན་འཇམ་དཔལ། 

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

མིའི་རིཊ་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུཊ་རྒྱུ་བཏོན་ནས་ལོ10འཁོར་བ།

ཤེས་དཔལ་ལ་མཛེས་སྡུག་གི་དབྱེ་བ་ལས་བཟང་ངན་གྱི་དབྱེ་བ་གཏན་ནས་མེད། ཤེས་དཔལ་གྱི་འགལ་རྐྱེན་སྨྲ་བ་དང་རིགས་རྒྱུད་ཀྱི་ཁྱད་དུ་འཕགས་པའི་རྣམ་བཤད་གླེང་བ་སོགས་ཀྱི་བཤད་ཚུལ་ལ་དམིགས་ཏེ།