ཀྲུང་གོ་དང་ཨ་རིའི་འབྲེལ་བའི་སྒོ་མོ་ཕྱེ་རྗེས་སླར་ཡང་རྒྱག་མི་སྲིད།
ཀྲུང་གོ་དང་ཨ་རིའི་འབྲེལ་བའི་སྒོ་མོ་ཕྱེ་རྗེས་སླར་ཡང་རྒྱག་མི་སྲིད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་བྱ་གཞག་སྤེལ་འགོ་ཚུགས་རྗེས་མཐའ་མ་འཁྱོལ་བ་བྱ་མི་སྲིད། མི་དམངས་བར་གྱི་མཛའ་གྲོགས་བརྟན་དུ་ཕྱིན་ཡོད་པས། ཚོད་བགམ་སྣ་ཚོགས་ཐེག་ཐུབ་ངེས་རེད་ཅེས་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་15ཉིན་གྱི་དགོང་མོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཨ་རིའི་ཅིའུ་ཅིན་ཧྲན་དུ་ཨ་རིའི་མཛའ་གྲོགས་ཚོགས་པས་མཉམ་འབྲེལ་ཐོག་གཉེར་བའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་ནས། ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་ལམ་བུའི་ཐོག་སྐྱོད་རྒྱུར་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད།
ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་ཡིན་པ་དང་། དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་གསུམ་ཆ་གཅིག་ལས་བརྒལ་བ། མི་འབོར་བསྡོམས་འབོར་གྱིས་འཛམ་གླིང་གི་བཞི་ཆ་གཅིག་ཙམ་ཟིན་པ། ཕྱོགས་གཉིས་ཉོ་ཚོང་གི་བསྡོམས་འབོར་གྱིས་འཛམ་གླིང་གི་ལྔ་ཆ་གཅིག་བཟུང་ཡོད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོས་ཡང་དག་པའི་མཉམ་གནས་ཀྱི་ལམ་བུ་གཏན་འཁེལ་བྱེད་ཐུབ་མིན་དེ་འཛམ་གླིང་ཞི་བདེ་འཕེལ་རྒྱས་དང་མིའི་རིགས་ཀྱི་མདུན་ལམ་ལས་དབང་དང་འབྲེལ་བ་ཡོད།
ད་ཐེངས་ཀྲུང་གོ་དང་ཨ་རིའི་གཙོ་བདག་ནས་ཅིའུ་ཅིན་ཧྲན་དུ་མཇལ་འཕྲད་གནང་བ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་ཚོགས་པས་པ་ལི་གླིང་ཕྲན་དུ་མཇལ་འཕྲད་གནང་ཚུན་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་མཛུབ་ཁྲིད་རྩ་དོན་ལ་གྲོས་བསྡུར་བྱེད་པའི་ཐད་འབད་བརྩོན་དང་དེར་ཐོབ་པའི་ཐུན་མོང་ངོས་འཛིན་ལ་ཁས་ལེན་གནང་ཞིང་། ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། འབྲེལ་གཏུག་རྒྱུན་འཁྱོངས། གདོང་ཐུག་སྔོན་འགོག 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》དམ་སྲུང་བཅས་བྱས་ནས། ཐུན་མོང་གི་ཁེ་ཕན་ཁྱབ་ཁོངས་ནང་མཉམ་ལས་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བའི་ཁྲོད་ཀྱི་འགྲན་རྩོད་རྒྱུ་རྐྱེན་ལ་དོ་དམ་ཚོད་འཛིན་བྱེད་འགན་འཁུར་ཐོག ཀྲུང་གོ་དང་ཨ་རིའི་འབྲེལ་བ་རྒྱུན་གཏན་གྱི་སྲོལ་ལམ་ཐོག་བསྐྱོད་རྒྱུར་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཅེས་ནན་གསུངས་གནང་ཡོད།
ཨ་རིའི་ཞིན་མོ་ཞི་ཁོའི་ཀྲོའུ་ལི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཁེན་ཉི་སི·ཧ་མོང་ཏེས། ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་ཕན་ཚུན་གྱི་དོན་དངོས་གནས་ཚུལ་ལ་ངོས་འཛིན་ཡང་དག་བྱེད་པ་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཕན་ཚུན་བརྩི་འཇོག་དང་བསམ་ཤེས་ལ་སྐུལ་འདེད་གཏོང་རྒྱུར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད་ཅེས་གསུངས་ཡོད།
ཁྱབ་ཁོངས་མང་པོའི་ནང་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་བར་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་ངང་གནས་པ་དང་། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་བར་ཕྱོགས་གཉིས་ཉོ་ཚོང་ཨ་སྒོར་དུང་ཕྱུར་7600དང་། ཕྱོགས་གཉིས་མ་འཇོག་རིམ་རྩིས་བྱས་ན་ཨ་སྒོར་དུང་ཕྱུར་2600ལྷག་ཙམ་འཕེལ་རྒྱས་བྱུང་ནས། མཛའ་གྲོགས་ཞིང་ཆེན་དང་མངའ་སྡེ་དང་། མཛའ་གྲོགས་གྲོང་ཁྱེར་བཅས་284དབར་འབྲེལ་བ་བཙུགས་པ་དང་། གཟའ་འཁོར་རེར་མང་ཤོས་ལ་དུས་གཏན་གནམ་གྲུ་300ལྷག་ཙམ་དང་ལོ་རེར་མི་ཐེངས་ཁྲི་500ལྷག་ཙམ་ཕན་ཚུན་འགྲོ་འོང་བྱེད་ཀྱི་ཡོད། དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་དང་ཨ་རིའི་ཞི་བདེ་མཉམ་གནས་ཀྱི་ལོ་རྒྱུས་གཏན་ཚིགས་ལ་འགྱུར་ལྡོག་འགྲོ་མི་སྲིད་པ་དང་། ཀྲུང་གོ་དང་ཨ་རིའི་མི་དམངས་ཀྱི་སྤེལ་རེས་མཉམ་ལས་ཀྱི་རྩ་བའི་རེ་འདུན་ལ་འགྱུར་ལྡོག་འགྲོ་མི་སྲིད། འཛམ་གླིང་མི་དམངས་ཀྱིས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཡོངས་ཁྱབ་ཀྱི་རེ་སྒུག་བྱེད་པར་འགྱུར་ལྡོག་འགྲོ་མི་སྲིད།
རྒྱལ་ཁབ་གཉིས་པོས་ཕན་ཚུན་གྲུབ་འབྲས་ཐོབ་པ་དང་ཐུན་མོང་ཐོག་དར་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་ནས་མཉམ་ལས་ཀྱི་གསལ་ཐོ་དེ་བས་ཁ་གསལ་དང་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པ་བྱ་རྒྱུ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་རེད། ད་ཐེངས་ཀྲུང་གོ་དང་ཨ་རིའི་ཅིའུ་ཅིན་ཧྲན་གྱི་གཙོ་བདག་མཇལ་འཕྲད་ཀྱི་གྲུབ་འབྲས་ནི་ཕྱོགས་མང་པོའི་ཐད་ནས་ཡིན་པ་དང་། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་ཁྱབ་ཁོངས་ཁག་གི་སྐད་ཆ་ཤོད་རེས་དང་མཉམ་ལས་ཐད་གྲོས་བསྡུར་བྱས་ནས་ཆབ་སྲིད་ཕྱི་འབྲེལ་དང་མི་ཆོས་རིག་གནས་སྤེལ་རེས། གོ་ལ་ཧྲིལ་པོ་བཅོས་སྒྲིག དམག་དོན་བདེ་འཇགས་སོགས་ཁྱབ་ཁོངས་ཐད་ཐུན་མོང་ངོས་འཛིན་20ལྷག་ཙམ་བྱུང་ཡོད་ཅིང་། དེའི་ནང་གི་ཁག་གཅིག་ནི་གཙོ་བདག་མཇལ་འཕྲད་མ་གནང་གོང་དོན་འཁྱོལ་བྱུང་བ་དང་། ཁག་གཅིག་ནི་ད་ཐེངས་ཀྱི་མཇལ་འཕྲད་རིང་གྲོས་མོལ་བྱས་ནས་གྲོས་མཐུན་བྱུང་ཡོད།
ཨ་རིའི་ཏན་ཧྥུའུ་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་དགེ་རྒན་ཆེན་མོ་བ་དང་ཨ་ཀྲུང་མཉམ་ལས་ལྟེ་གནས་ཀྱི་ཀྲུའུ་རེན་གཅིག་ལྕོགས་ཀྲའོ་སུའེ་ཧྲེང་གིས། ཅིའུ་ཅིན་ཧྲན་གྱི་མཇལ་འཕྲད་གྲུབ་འབྲས་ལས་རྒྱལ་ཁབ་གཉིས་པོས་ཐུན་མོང་གི་ཁེ་ཕན་ལ་མཐོང་ཆེན་བྱེད་པ་མཚོན་པ་དང་། རྒྱལ་ཁབ་གཉིས་པོས་ལོ་རྒྱུས་ཀྱི་འགག་རྩའི་དུས་སུ་ཀྲུང་ཨའི་འབྲེལ་བ་བརྟན་པོ་དང་ཡག་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་གལ་ཆེའི་རང་བཞིན་ཤེས་རྟོགས་ཐུབ་ཡོད་ཅེས་དང་། ཁོང་གིས་རྒྱལ་ཁབ་གཉིས་པོས་དམག་དཔུང་གཉིས་པོའི་མཐོ་རིམ་འབྲེལ་གཏུག་དང་སྒྲིག་སྲོལ་རང་བཞིན་གྱི་སྐད་ཆ་ཤོད་རེས་སླར་གསོ་བྱས་ནས། མི་ཆོས་རིག་གནས་སྤེལ་རེས་དང་ཁྲིམས་འཛིན་ཁྲིམས་བསྟར། གོ་ལ་ཧྲིལ་པོ་བཅོས་སྒྲིག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ཐོབ་པའི་འཕེལ་རིམ་ལ་ཚད་མཐོའི་གདེང་འཇོག་གནང་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས། ད་ཐེངས་ཅིའུ་ཅིན་ཧྲན་དུ་མཇལ་འཕྲད་གནང་བར་ཀྲུང་ཨ་རྒྱལ་ཁབ་གཉིས་པོར་མདུན་ལྗོངས་གསར་པ་ཡོད་དགོས་པ་དང་། ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཀ་རྟེན་ལྔ་བསྐྲུན་དགོས་པ་སྟེ་གཅིག་ནི་ཐུན་མོང་ཐོག་ཡང་དག་པའི་ངོས་འཛིན་ལྟ་བ་འཛུགས་དགོས། གཉིས་ནི་ཐུན་མོང་ཐོག་ཕྱོགས་འགལ་དོ་དམ་ཚོད་འཛིན་ནུས་ལྡན་བྱེད་དགོས། གསུམ་ནི་ཐུན་མོང་ཐོག་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། བཞི་ནི་ཐུན་མོང་ཐོག་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་དགོས། ལྔ་ནི་ཐུན་མོང་ཐོག་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་དགོས་པ་བཅས་ཡིན། “ཐུན་མོང་ལྔ”དེས་ཀྲུང་གོ་དང་ཨ་རིའི་འབྲེལ་བར་ཀ་རྟེན་ལྔ་བསྐྲུན་པ་དང་འབྱུང་འགྱུར་ལ་ཁ་ཕྱོགས་པའི“ཅིའུ་ཅིན་ཧྲན་གྱི་ཕུགས་འདུན”བཏོད་ཡོད་ཅེས་བསྟན་གནང་འདུག
ཀྲའོ་སུའེ་ཧྲེང་གིས། “ཐུན་མོང་ལྔའི”ནང་ཀྲུང་གོ་དང་ཨ་རིའི་ཐུན་མོང་གི་ཁེ་ཕན་དང་ཐུན་མོང་གི་བསམ་འདུན་ནན་སྟོན་བྱས་ཡོད་ཅིང་། དེའི་དམིགས་ཡུལ་ནི་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོས་ཡང་དག་པའི་མཉམ་གནས་ཀྱི་ལམ་བུ་བཙལ་ནས། འབྱུང་འགྱུར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུ་སླར་ཡང་རྒྱུན་གཏན་གྱི་ལམ་བུའི་ཐོག་བསྐྱོད་རྒྱུར་མཛུབ་ཁྲིད་བྱ་ཆེད་རེད་ཅེས་གསུངས་པ་རེད།
དུས་སང་ནི་ཀྲུང་གོ་དང་ཨ་རིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བའི་ལོ་ཞིག་རེད། སླར་ཡང་ཅིའུ་ཅིན་ཧྲན་ནས་རྡོག་ཐོན་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་འགྲིལ་བ། ཀྲུང་གོ་དང་ཨ་རིའི་དབར་གྱི་མཛའ་གྲོགས་མུ་མཐུད་རྒྱུན་འཛིན་བྱེད་པ། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གྲུ་གཟིངས་ཆེན་པོ་དེ་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་ཁྲིད་སྟོན་བྱ་རྒྱུ་བཅས་ནི་ཀྲུང་གོ་དང་ཨ་རིའི་ཐུན་མོང་གི་ཁེ་ཕན་དང་མི་དམངས་ཀྱི་བསམ་འདུན་དང་མཐུན་ཡོད་ལ། ཟང་ཟིང་དང་རྙོག་འཛིང་ཆེ་རུ་འགྲོ་བཞིན་པའི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་དེ་བས་མང་བ་སྣོན་ཐུབ་རྒྱུ་ཡིན་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།