ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

མངོན་མིན་རིག་གནས་ཤུལ་བཞག་ལས་གྲོང་གསེབ་དར་ཞིང་རྒྱས།

2024-03-29 15:35:00     责编:卓玛才让

     ཡུལ་ཡར་ཀླུང་གི་གཞུང་ན་བཀྲ་ཤིས་མཆོད་རྟེན་ཟེར་བའི་སྡེ་ཁུལ་ཞིག་ཡོད་ཅིང་། སྡེ་ཁུལ་དེར་ལྷ་མོའི་གྲོང་ཚོ་དང་པོ་ཞེས་པའི་མིང་གྲགས་ལྡན་ཡོད། ལྷ་མོ་རུ་ཁག་གི་འཁྲབ་སྟོན་པ་ཚང་མ་ནི་སྡེ་ཁུལ་གྱི་གྲོང་མི་ཡིན་པ་དང་། ཁོང་ཚོས་ལྷ་མོ་འཁྲབ་སྟོན་བྱས་པ་བརྒྱུད་གཅིག་ནས་རིག་གནས་རྒྱུན་འཛིན་དང་གཉིས་ནས་རང་ཁྱིམ་ལ་འབབ་འཕར་ཡོང་གི་ཡོད་པ་རེད།

     ལོ་ངོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ལྷ་མོའི་སྒྱུ་རྩལ་གྱི་རྣམ་པ་དེ་སྔར་ནས་བཀྲ་ཤིས་མཆོད་རྟེན་གྱི་སྤོབས་པ་ཞིག་ཏུ་གྱུར་ཡོད། སྤྱི་ལོ་2006ལོར་ལྷ་མོ་འདི་ཉིད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དང་སྤྱི་ལོ་2009ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འགྲོ་བ་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་ལ་གཏན་འཁེལ་བྱས་པ་རེད།

     བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་ལྷ་མོའི་རུ་ཁག་ལ་ཐོག་མའི་རུ་མི་10ལྷག་ཙམ་ནས་ད་ཆ་མི་30ཡི་གཞི་ཁྱོན་བར་འཕེལ་རྒྱས་ཕྱིན་པ་ལས་བཀྲ་ཤིས་མཆོད་རྟེན་ལ་འཕོ་འགྱུར་བྱུང་བའི་དཔང་པོ་བྱས་ཡོད།

     ལྷ་མོ་སྲུང་སྐྱོང་དང་རྒྱུན་འཛིན་བྱ་ཆེད། སྡེ་ཁུལ་དེས་གོམ་སྟབས་གསུམ་གྱི་འཆར་གཞི་ལག་བསྟར་བྱས་པ་སྟེ། དང་ཐོག་སྡེ་ཁུལ་གྱི་ཁོར་ཡུག་བཅོས་སྒྲིག་བྱས་ནས་གྲོང་མིའི་འཚོ་བའི་སྤུས་ཚད་མཐོ་རུ་བཏང་བ་དང་། དེ་ནས་ལྷ་མོ་ལ་བརྟེན་ནས་དམངས་ཀྱི་སྡོད་ཁང་འཕེལ་རྒྱས་བཏང་སྟེ་ཡུལ་སྐོར་བའི་ཡིད་དབང་བཀུག་པ། མཇུག་ཏུ་ཁྱད་ལྡན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་སྐོར་ཁྱབ་སྤེལ་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། སྤྱི་ལོ་2023ལོར་བཀྲ་ཤིས་མཆོད་རྟེན་གྱི་ཡུལ་སྐོར་བའི་གྲངས་འབོར་ཆེས་ཆེར་འཕར་ནས་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.2ཟིན་ཡོད་པ་རེད།

     གཞན་ཡང་ལྷོ་ཁ་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་གཞན་དག་ཀྱང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དཔེར་ན། རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་79ཡོད་པ་དེ་དག་ཐོན་ལས་དང་ཡུལ་སྐོར་དང་མཉམ་འདྲེས་བྱས་ནས་གྲོང་གསེབ་དར་རྒྱས་ཡོང་ཆེད་སྒུལ་ཤུགས་གསར་པ་བསྣན་ཡོད་པ་རེད། དེ་ལྟར་བཀྲ་ཤིས་མཆོད་རྟེན་གྱི་གཏམ་རྒྱུད་དེ་ནི་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལས་གྲོང་གསེབ་དར་རྒྱས་གཏོང་བའི་བསྡུས་རིས་ཤིག་ཡིན་པ་དང་དེས་སྲོལ་རྒྱུན་དང་དེང་རབས་དང་། རིག་གནས་དང་དཔལ་འབྱོར་ཟུང་འབྲེལ་གང་ལེགས་བྱས་ནས་གྲོང་གསེབ་དར་རྒྱས་ཡོང་རྒྱུར་གསོན་ཤུགས་གསར་པ་བསྣན་ཡོད།

     ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་སུ་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་2600དང་རྒྱུན་འཛིན་པ་1668ཡོད་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ལས་གྲྭ་173བར་མང་དུ་ཕྱིན་པ། དམངས་ཁྲོད་ལྷ་མོ་རུ་ཁག་153བར་འཕེལ་རྒྱས་ཕྱིན་པ་བཅས་བྱུང་ཡོད།

     སླད་ཕྱིན་བོད་ལྗོངས་ཀྱིས་མུ་མཐུད་མ་དངུལ་བཏང་ནས་རིག་དངོས་སྲུང་སྐྱོང་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

མངོན་མིན་རིག་གནས་ཤུལ་བཞག་ལས་གྲོང་གསེབ་དར་ཞིང་རྒྱས།

ཡུལ་ཡར་ཀླུང་གི་གཞུང་ན་བཀྲ་ཤིས་མཆོད་རྟེན་ཟེར་བའི་སྡེ་ཁུལ་ཞིག་ཡོད་ཅིང་། སྡེ་ཁུལ་དེར་ལྷ་མོའི་གྲོང་ཚོ་དང་པོ་ཞེས་པའི་མིང་གྲགས་ལྡན་ཡོད།