ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

གངས་ལྗོངས་ས་མཐོས་གོམ་སྟབས་གསར་པ་སྤོས།

2024-03-29 10:50:00     责编:卓玛才让
      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། བོད་ལྗོངས་ཀྱི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བར་གོང་འཕེལ་གྱི་ཆ་ཕྱོགས་ཧྲིལ་པོར་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གྱི་དོན་སྙིང་སྣོན་དགོས་པ་དང་། ཚང་མར་དམངས་འཚོ་ལེགས་བཅོས་དང་མི་སེམས་གོང་བུར་འགྲིལ་བའི་དོན་སྙིང་སྣོན་དགོས་པ། ཚང་མ་མི་རིགས་ཁག་གི་མང་ཚོགས་ཚོའི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོང་རྒྱུ་བཅས་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན་ཡོད།

     བོད་ལྗོངས་མི་རིགས་ཁག་གི་ལས་བྱེད་དང་མང་ཚོགས་ཚོས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། བརྟན་བརླིང་དང་། གོང་འཕེལ། འབྱུང་ཁམས། མཐའ་དར་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱེད་པ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་པ་བཅས་ཀྱིས་མི་དམངས་འཚོ་བ་དེ་བས་བདེ་ཞིང་སྐྱིད་པ་ཞིག་སྐྱེལ་ཐུབ་པ་བྱེད་བཞིན་ཡོད།

     སྤྱི་ཟླ་གསུམ་པའི་བོད་ལྗོངས་སུ་ཁམ་བུའི་མེ་ཏོག་རྣམ་པར་བཀྲ། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར། ཁམ་བུའི་སྡོང་པོ་སྟོང་ལ་མེ་ཏོག་རབ་ཏུ་བཞད་པས་ཕྱོགས་བཞིའི་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད་ལ། དེ་དང་ཆབས་ཅིག་ཏུ་ཚོང་ལས་ཀྱི་གོ་སྐབས་ཀྱང་རག་ཡོད། མཇུག་འགྲིལ་མ་ཐག་གི་ཀ་ལ་གྲོང་ཚོའི་2024ལོའི་ཡུལ་སྐོར་ཚོང་འགུག་ཚོགས་ཆེན་ཐོག གྲོང་ཚོ་མཉམ་སྡེབ་ཀྱི་སྒོ་བྱང་བཀལ་ས་འགའ་ཤས་སུ་ཡུལ་སྐོར་པར་ལེན་ཁང་དང་ཞིམ་ཟས་ལ་རོལ་ས་འགའི་ཚོང་གི་བྲིན་ཁ་རྒྱུག་པས། གྲོང་ཚོ་མཉམ་སྡེབ་ལ་འབབ་འཕར་སྒོར་གསུམ་འབུམ་ཙམ་རག་ཡོད། ཡུལ་སྐོར་པར་ལེན་ཁང་གི་སྦྱིན་བདག་ཝུའུ་ཧྲོའེ་ཡིས། ཀ་ལ་གྲོང་ཚོའི་ཁམ་སྡོང་དག་བྱེས་སྐྱེས་སྡོང་པོ་ཤ་སྟག་ཡིན་པས་ལྟ་བས་མི་ངོམ་པ་ཞིག་ཡོད་ལ་ཡུལ་སྐོར་བ་ཡང་ཤིན་ཏུ་མང་པོ་འདུག་ཅེས་གསུངས་ཡོད།

     ཁམ་བུའི་མེ་ཏོག་གི་མཛེས་ལྗོངས་གཞི་རྟེན་དུ་བྱས་ཏེ། ཀ་ལ་གྲོང་ཚོས་ཉེ་བའི་ལོ་ཤས་ནང་ལྗོངས་གཟིགས་དང་ཁམ་བུ་འཐུ་བ་སོགས་ཀྱི་བྱེད་སྒོ་མང་དག་སྤེལ་བས། གྲོང་ཚོ་མཉམ་སྡེབ་ཀྱི་དཔལ་འབྱོར་རྒྱུན་མཐུད་སྟོབས་ཆེར་ཕྱིན་ཡོད་ཅིང་། ལོའི་ཡོང་འབབ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་ལས་བརྒལ་བ་དང་། གྲོང་ཚོ་ཧྲིལ་པོའི་ཐེམ་དུད་33ཚང་མས་གྲོང་གསེབ་ཡུལ་སྐོར་གོང་འཕེལ་གཏོང་བའི་ཕན་ཁེ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད། ཀ་ལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས། ང་ཚོ་ཀ་ལ་གྲོང་ཚོས་ཡུལ་སྐོར་གྱི་ཐོན་ལས་གོང་འཕེལ་གཏོང་ཐུབ་པ་དང་འབྱུང་ཁམས་ལ་བརྟེན་ནས་ལྟོ་གོས་འཚོལ་ཐུབ་པ་བྱུང་བ་དེ་ནི་ཏང་ཀྲུང་དབྱང་གི་སྲིད་ཇུས་བཟང་པོ་དང་ཁ་འབྲལ་ཐབས་མེད། ཁམ་བུའི་དུས་ཆེན་སླེབས་ལ་ཉེ་བའི་མཚམས་ལ་ང་ཚོས་ཚོང་འགུག་བྱེད་པ་བརྒྱུད། གྲོང་ཚོ་མཉམ་སྡེབ་ཀྱི་དཔལ་འབྱོར་རྒྱ་སྟོབས་ཇེ་ཆེར་གཏོང་བ་དང་། མང་ཚོགས་རྣམས་ལ་བགོ་བཤའ་རྒྱག་ཆོག་པའི་ཡོང་འབབ་ཀྱང་དེ་བས་མང་དུ་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།

     རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ས་ཡ་གཅིག་དང་ཉིས་འབུམ་ཟིན་པ་དང་། མཐའ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ་4000ལྷག་ཟིན་པ། མི་རིགས་ལྔ་བཅུ་ཙམ་ཡོད་པའི་གངས་ལྗོངས་ས་མཐོ་དང་གནས་དེར་འཚོ་བ་རོལ་བཞིན་པའི་མི་རིགས་ཁག་གི་བུ་ཕྲུག་རྣམས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་ཐུགས་ལ་བཅངས་གནང་ཡོད། 2021ལོའི་ཟླ་7པའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་རྟོག་ཞིབ་གནང་བར་ཕེབས་སྐབས་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁུལ་གསར་རྙིང་གི་འབྲེལ་མཚམས་སུ་གནས་པའི་ཀོང་པོ་སྤྱི་གླིང་དུ་ཕེབས་ཏེ་སྤྱི་གླིང་དེའི་ཐང་ཆེན་ཐོག་གར་ལ་རོལ་བཞིན་པའི་ས་གནས་དེ་གའི་མང་ཚོགས་དང་ཡུལ་སྐོར་བ་ཚོར་སྨོན་འདུན་བཟང་པོ་ཞུས་གནང་བ་སྟེ། མི་རིགས་ཁག་གི་མང་ཚོགས་ཚོའི་འཚོ་བ་ཡག་ཐོག་ཡག་བརྩེགས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

     དེ་དང་ཆབས་ཅིག་ཏུ། བོད་ལྗོངས་ཀྱིས་གཙོ་གནད་ཡོད་པ་དང་། ཁག་དབྱེ་བ། འགག་གཏོར་ཡོང་རེ་བྱེད་པ་བརྒྱུད། ཐོན་ལས་རྣམ་གྲངས་གལ་ཆེན་ཁག་གཅིག་ལ་འཆར་འགོད་བྱས་ནས་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད་པ་དང་། དམངས་འཚོ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཡང་བའི་བཟོ་ལས་ཐོན་ལས་གོང་འཕེལ་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་བྱེད་པ། བོད་ལྗོངས་ཀྱིས་ཁྱད་ཆོས་དང་བཟང་ཆས་ལྷག་ཏུ་ཕྱུག་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་མགྱོགས་སུ་གཏོང་བཞིན་ཡོད། ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་སུ་ཆགས་པའི་གཞིས་རྩེ་གྲོང་ཁྱེར་སྐྱིད་རོང་གྲོང་རྡལ་དུ། བོད་ལྗོངས་ཀྱིས་ལྗོངས་དེ་ཡོངས་ཀྱི་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་དང་པོ་དེ་སྐྲུན་བཞིན་ཡོད་པ་དང་། ཐོག་མའི་ཆ་ནས་རྣམ་གྲངས་43དང་འབྲེལ་བ་ཡོད་ཅིང་མ་དངུལ་སྒོར་དུང་ཕྱུར་39ཙམ་ཟིན་ཡོད། དེ་དང་ཆབས་ཅིག་ཏུ་ནུས་རྒྱུ་གསར་པའི་སྦག་སྦག་ཐོན་སྐྱེད་བརྒྱུད་རིམ་ནང་འདྲེན་བྱས་པ་སོགས་ཀྱི་ཐོག་ནས་མཐའ་མཚམས་ཉོ་ཚོང་གི་ལས་སྣོན་བཟོ་ལས་སྐྱེད་སྲིང་བྱེད་བཞིན་ཡོད། སྐྱིད་རོང་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་རའི་ཚོང་དུད་པ་བཀྲས། ད་ལྟ་ང་ཚོའི་ཚོང་དུད་གཅིག་ལ་སྒོར་བརྒྱད་སྟོང་ཙམ་གྱི་མཐའ་མཚམས་གྲོང་མིའི་ཁྲལ་གཅོག་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། ང་རང་གིས་ཟོག་འགྲེམས་ཀུང་སི་ཞིག་བཙུགས་པ་ཡིན་པས། སྟབས་བདེ་པོ་འདུག་ལ་ཚང་མ་ཡག་པོ་འདུག་ཅེས་གསུངས་ཡོད།

     གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པའི་འབྲེལ་གཏུག་ཚོགས་ཆུང་གི་འགོ་འཛིན་ཕེང་དབྱི་ཧའོ་ཡིས། ཨ་ཤེ་ཡ་ལྷོ་མར་སྒོ་འབྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པའི་ཆ་ནས། གཞིས་རྩེས་ད་ལོ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། དེང་རབས་ཟོག་འགྲེམས་དང་། ཉོ་ཚོང་ལས་རིགས། ཕྱིར་གཏོང་ནང་འདྲེན་གྱི་ལས་སྣོན་ལས་རིགས་སོགས་གོང་འཕེལ་ཤུགས་ཆེན་གཏོང་བཞིན་ཡོད་ཅེས་དང་། ཁོང་གིས། བགྲོད་ལམ་དང་། ཟོག་འགྲེམས། མི་སྣ་འགྲོ་འོང་། མ་དངུལ་འཁོར་རྒྱུག ཉོ་ཚོང་། ཐོན་ལས་སོགས་ཀྱི་རྒྱུ་རྐྱེན་ཁག་མཉམ་འགུལ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། གཞིས་རྩེའི་སྤུས་མཐོའི་གོང་འཕེལ་ཆེད་སྤུས་གསར་ཐོན་སྐྱེད་ནུས་ཤུགས་མཁོ་འདོན་བྱས་ཡོད་ཅེས་གསུངས་ཡོད།

     བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་ངོ་65སོང་རིང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད་ཅིང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རྣམ་གྲངས་ལ་མ་འཇོག་བྱས་པ་སྒོར་དུང་ཕྱུར་6000ལས་བརྒལ་ཡོད། 2023ལོར་བོད་ལྗོངས་ཡོངས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་2392དང་བྱེ་བ་6དང་ས་ཡ་7ཟིན་པ་དེ་1965ལོ་དང་བསྡུར་ན་ལྡབ་730འཕར་ཡོད། བོད་རང་སྐྱོང་ལྗོངས་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཅིང་ཚའེ་ཡིས། བོད་ལྗོངས་ཀྱིས་ས་མཐོའི་དཔལ་འབྱོར་གྱི་སྤུས་མཐོའི་གོང་འཕེལ་སྔོན་སྐྱོད་ཁུལ་བསྐྲུན་པ་དང་། རིགས་ཆེ་བ་7གྱི་འཆར་འགོད་སྟོན་གྲངས་89བཏོན་པ། ས་མཐོའི་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་འགྲོ་རྒྱུར་ཧུར་ཐག་གཞོལ་བ།  ས་ཁོངས་གོང་འཕེལ་གྱི་ཧེ་བག་ཆུང་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ས་གནས་ཀྱི་ཁྱད་ཆོས་དང་འཚམ་པའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བ་བཅས་ཀྱི་ཐོག་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལེའུ་རྩོམ་བཞིན་ཡོད་ཅེས་གསུངས་པ་རེད།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

གངས་ལྗོངས་ས་མཐོས་གོམ་སྟབས་གསར་པ་སྤོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། བོད་ལྗོངས་ཀྱི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བར་གོང་འཕེལ་གྱི་ཆ་ཕྱོགས་ཧྲིལ་པོར་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གྱི་དོན་སྙིང་སྣོན་དགོས་པ་དང་།