ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཏོ་སྨི་ནི་ཁོའི་ཙུང་ལི་དང་མཇལ་འཕྲད་གནང་བ།

2024-03-26 10:50:00     责编:卓玛才让
      རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་25ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཏོ་སྨི་ནི་ཁོའི་ཙུང་ལི་སི་ཁའེ་ལི་ཐེ་དང་མཇལ་འཕྲད་གནང་བ་རེད།

     ཞི་ཅིན་ཕིང་གིས། ཏོ་སྨི་ནི་ཁོ་ནི་ཅ་ལེ་པིའི་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་ལ། ཀྲུང་གོས་ས་ཁུལ་དེ་གར་བློས་འགེལ་ཆོག་པའི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་ཞིག་ཀྱང་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་20སོང་རིང་། ཀྲུང་གོ་དང་ཏོ་སྨི་ནི་ཁོས་སྔ་བར་ཕྱི་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ། ཁྱབ་ཁོངས་ཁག་ཏུ་སྤེལ་རེས་དང་མཉམ་ལས་ཟམ་མི་ཆད་པར་བྱས་པ། མི་དམངས་དབར་གྱི་མཛའ་གྲོགས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་པས། ཀྲུང་གོ་དང་ཏོ་སྨི་ནི་ཁོའི་འབྲེལ་བ་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་ཅེས་བསྟན་ཡོད།

     ཞི་ཅིན་ཕིང་གིས། ཏོ་སྨི་ནི་ཁོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་མཛའ་གྲོགས་འབྲེལ་བ་གོང་འཕེལ་གཏོང་བར་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། ཏོ་སྨི་ནི་ཁོ་དང་མཉམ་དུ་འདས་ཟིན་པའི་ལོ་20ཡི་རིང་ལ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་བཏང་བར་ཐོབ་པའི་ལེགས་གྲུབ་ལྡན་པའི་ཉམས་མྱོང་ཕྱོགས་སྡོམ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ཐོག མཛའ་གྲོགས་འབྲེལ་བ་དེ་མཉམ་ལས་མཉམ་རྒྱལ་གྱི་སྒུལ་ཤུགས་སུ་འགྱུར་བར་བྱས་ཏེ། ཀྲུང་གོ་དང་ཏོ་སྨི་ནི་ཁོའི་འབྲེལ་བར་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ཆེ་བ་བསྐྲུན་འདོད་ཡོད་ཅེས་བསྟན་ཡོད།

     ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཏོ་སྨི་ནི་ཁོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་འགྲོ་བའི་འགག་རྩ་དེ་རྒྱལ་ཁབ་གཉིས་པོའི་དབར་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་དང་ཕན་ཚུན་རྒྱབ་སྐྱོར་བྱས་པར་ཐུག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཏོ་སྨི་ནི་ཁོའི་མི་དམངས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཏོ་སྨི་ནི་ཁོ་དང་མཛའ་གྲོགས་འགྲོ་འོང་དམ་ཟབ་བྱས་ནས་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཏོ་སྨི་ནི་ཁོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མྱུར་བགྲོད་མེ་འཁོར་ནང་ཞུགས་ནས། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཞིང་ལས། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཏོ་སྨི་ནི་ཁོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཏོ་སྨི་ནི་ཁོ་དང་མི་ཆོས་རིག་གནས་ཀྱི་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་འདོད་ཡོད་ཅིང་། ཏོ་སྨི་ནི་ཁོའི་གཞོན་ནུ་སློབ་མ་དེ་བས་མང་བ་ཀྲུང་གོར་ཟབ་སྦྱོང་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཏོ་སྨི་ནི་ཁོ་ལ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་དང་གསོ་སྦྱོང་སོགས་ཀྱི་གོ་སྐབས་མུ་མཐུད་མཁོ་འདོན་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་ཏོ་སྨི་ནི་ཁོའི་རྒྱལ་བཙུགས་སློབ་ཆེན་གྱི་ཁུང་ཙེའི་སློབ་ཁང་ཐུན་མོང་ཐོག་འཛུགས་སྐྲུན་ཡག་པོ་བྱེད་པ་དང་། ཏོ་སྨི་ནི་ཁོར་ལས་རིགས་ལག་རྩལ་གསོ་སྦྱོང་མཉམ་ལས་ཐད་དཔྱད་བསྡུར་མང་ཙམ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

     ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་གཏོང་གི་ཡོད་པ་དང་། ཆེ་ཆུང་དང་དྲག་ཞན་གྱི་དབྱེ་བ་མེད་པར་རྒྱལ་ཁབ་ཚང་མ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འདྲ་མཉམ་ཁོངས་གཏོགས་ཡིན་པའི་འདོད་ཚུལ་འཛིན་གྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་གླིང་ཕྲན་ཆུང་གྲས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གནམ་གཤིས་འགྱུར་ལྡོག་ཁྱབ་ཁོངས་ཀྱི་དོ་ཁུར་དང་རེ་འདུན་བྱ་གཞིར་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཏོ་སྨི་ནི་ཁོས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཏོ་སྨི་ནི་ཁོ་དང་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅ་ལེ་པིའི་རྒྱལ་ཁབ་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཏོ་སྨི་ནི་ཁོས་ཅ་ལེ་པིའི་གཅིག་མཐུན་ཚོགས་པའི་རེས་སྐོར་ཀྲུའུ་ཞིའི་འགན་འཁུར་རིང་ཀྲུང་ཅའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་བསྔགས་བརྗོད་བྱ་རྒྱུ་དང་། ཅ་ལེ་པིའི་ས་ཁུལ་རྒྱལ་ཁབ་ཀྱིས་རྒྱལ་ཁབ་དར་རྒྱས་གོང་འཕེལ་གཏོང་བ་དང་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བར་མུ་མཐུད་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།

     སི་ཁའེ་ལི་ཐེས། ལོ་20ཡི་གོང་ང་རང་ནས་ཀྲུང་གོ་དང་ཕྱི་འབྲེལ་འཛུགས་རྒྱུའི་ཐབས་ཇུས་ཡང་དག་བཏོན་པ་ཡིན། ཀྲུང་གོ་དང་ཕྱི་འབྲེལ་བཙུགས་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ་སླར་ཡང་ཀྲུང་གོར་འཚམས་འདྲི་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཏོ་ཀྲུང་འབྲེལ་བ་ནི་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་བརྩི་འཇོག ཕན་ཚུན་རྒྱབ་སྐྱོར་བཅས་བྱ་རྒྱུར་བརྟེན་ཡོད། ལོ་20ཡི་རིང་ཀྲུང་གོ་དང་ཏོ་སྨི་ནི་ཁོའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་པ་དང་གྲུབ་འབྲས་ཀྱང་ཧ་ཅང་ཡག་པོ་ཐོབ་ཡོད། རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཀྲུང་གོར་དབུལ་སྐྱོར་དང་འཕེལ་རྒྱས་སོགས་ཀྱི་ཁྱབ་ཁོངས་ནང་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་མ་ཟད། ཏོ་སྨི་ནི་ཁོ་སོགས་ལ་ཏིང་མེ་གླིང་གི་རྒྱལ་ཁབ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཏོ་སྨི་ནི་ཁོའི་མི་དམངས་ལ་རང་བྱུང་གནོད་འཚེ་དང་ཏོག་གསར་རིམས་ནད་ཀྱི་གནོད་འཚེ་འཕྲད་སྐབས་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ཏོ་སྨི་ནི་ཁོའི་མི་དམངས་དང་མཉམ་དུ་ལངས་ཏེ་འཕྲལ་མར་རྩ་ཆེའི་རོགས་རམ་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོས་ཏོ་སྨི་ནི་ཁོར་རྒྱབ་སྐྱོར་དང་ཏོ་སྨི་ནི་ཁོ་དང་མཉམ་ལས་བྱས་པ་དེ་ཏོ་སྨི་ནི་ཁོའི་ཕྱོགས་གང་སར་མཐོང་རྒྱུ་ཡོད་ལ། ཏོ་སྨི་ནི་ཁོས་རང་རྒྱལ་ཁབ་ཀྱི་རང་བཙན་དང་འཕེལ་རྒྱས་སྲུང་སྐྱོང་བྱེད་པར་རམ་འདེགས་གལ་ཆེན་ཐུབ་ཡོད། ཏོ་སྨི་ནི་ཁོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་ཚད་མཐོའི་བསྔགས་བརྗོད་དང་ཡིད་སྨོན་བྱེད་ཀྱི་ཡོད་པ་དང་། གང་དེས་དེང་སྐབས་ཀྱི་འཛམ་གླིང་གིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་བ་བྱེད་པར་དོན་སྙིང་ཆེན་པོ་ལྡན་ཡོད། ཏོ་སྨི་ནི་ཁོས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱེད་ཀྱི་ཡོད་པ་དང་། ཀྲུང་གོའི་ཡོངས་སུ་གཅིག་གྱུར་མངོན་འགྱུར་བྱེད་པའི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅིང་། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཏོ་སྨི་ནི་ཁོས་ཀྲུང་གོ་ཕྱོགས་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ། ཁྱོན་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། དུས་རྣམ་ཀུན་གྱི་འཐབ་ཇུས་རོགས་ཟླ་བྱེད་པ་བཅས་བྱས་ནས། ཏོ་ཀྲུང་འབྲེལ་བ་དེ་ཆུ་ཚད་དེ་བས་མཐོ་བར་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཏོ་སྨི་ནི་ཁོས་ཅ་ལེ་པིའི་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་འདོད་ཡོད། ཏོ་སྨི་ནི་ཁོས་ཀྲུང་གོ་ཕྱོགས་དང་ལྷན་དུ་རྒྱལ་སྤྱིའི་ལས་དོན་ཁྲོད་འབྲེལ་གཏུག་མཐུན་སྦྱོར་དམ་ཟབ་བྱེད་པ་དང་། གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པ་དོན་འཁྱོལ་ཧུར་ཐག་བྱེད་པ། ཐུན་མོང་ཐོག་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པ་བཅས་བྱས་ནས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུའི་རེ་སྒུག་ཀྱང་བྱེད་ཀྱི་ཡོད་ཅེས་བསྟན་ཡོད།

     ཝང་དབྱི་མཇལ་འཕྲད་ནང་ཞུགས་ཡོད།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་ཏོ་སྨི་ནི་ཁོའི་ཙུང་ལི་དང་མཇལ་འཕྲད་གནང་བ།