ང་ཚོར་གསན་གྲོགས་ཁོང་གིས་སེམས་པའི་ཡིག་ཆུང་འདི་འདྲ་ཞིག་བསྐུར་འདུག
-ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་ལེ་ཚན་གཉེར་ནས་ལོ་༧༥འཁོར་བར་རྟེན་འབྲེལ་ཞུ།
རིན་ཆེན།(ལྷ་ས།)
མི་རིང་བར་ཁྱེད་རང་མི་ཡུལ་འདིར་བལྟམས་ཏེ་བགྲང་བྱ་༧༥འཁོར་བའི་འཁྲུངས་སྐར་ཟིན་རྒྱུ་རེད། གལ་ཏེ་ཁྱེད་རང་མི་ཞིག་ཡིན་པའི་དབང་དུ་བཏང་ན། ད་ནི་ཁྱེད་རང་རིམ་གྱིས་ལང་ཚོའི་ཁོ་ལག་རྒྱས་ཏེ། འཇིག་རྟེན་གྱི་བྱ་བ་ཅི་རིགས་ལ་རྒྱུས་མངའ་མེད་པའི་བྱིས་པ་གཉོམ་ཆུང་ཞིག་ནས་རིམ་གྱིས་ཧ་གཉིད་སད་ཅིང་རྣམ་དཔྱོད་ཀྱི་བློ་མིག་མངའ་བ་དང་། སྐྱེ་སྟོབས་ཀྱི་དཔལ་ཡོན་རབ་ཏུ་འབར་བའི་སྟག་ཤར་ཞིག་ཏུ་གྱུར་ཡོད་ལ། གལ་ཏེ་ཁྱེད་རང་མེ་ཏོག་ཅིག་ཡིན་པའི་དབང་དུ་བཏང་ན། ད་ནི་ཁྱེད་རང་རྩ་བ་ཚུགས་ཤིང་ལོ་འདབ་རྒྱས་པའི་མེ་ཏོག་བཀྲག་མདངས་ཅན་ཞིག་ཏུ་གྱུར་ཡོད་ཨང་།
བཞུད་ཟིན་པའི་བགྲང་བྱ་༧༥ཡི་ཁྱེད་ཀྱི་ལམ་བུར་ཕྱི་མིག་ཅིག་འཕངས་ཚེ། ཁྱེད་ཀྱིས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ནས། ཏང་གི་མཛའ་ཕྱོགས་སྲིད་ཇུས་དང་། དམངས་འཚོ། དཔལ་འབྱོར། རིག་གནས་སོགས་དུས་ཐོག་ཏུ་དྲིལ་བསྒྲགས་ཧུར་ཐག་བགྱིས་ཏེ། བོད་ལྗོངས་དང་དེ་བཞིན་མཚོ་སྔོན་དང་། སི་ཁྲོན། ཡུན་ནན། ཀན་སུའུ་བཅས་ཞིང་ཆེན་བཞིའི་བོད་འབྲེལ་ས་ཁུལ་ཁག་གི་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་གོང་སྤེལ། རིག་གནས་ཁྱབ་གདལ། སྐྱེ་ཁམས་སྲུང་སྐྱོང་སོགས་ལ་རང་ནུས་ཅི་ལྕོགས་ཀྱིས་ཞབས་འདེགས་ཧུར་ཐག་ཞུས་ཡོད་ལ། ཏང་དང་རྒྱལ་ཁབ་ལ་ངོ་མི་གནོང་བ་དང་། དུས་རབས་ལ་ངོ་མི་གནོང་བ། མི་དམངས་ལ་ངོ་མི་གནོང་བའི་རྣམ་འགྱུར་བཟང་པོ་སྙིང་ཁར་བཅངས་ནས། དུས་རབས་གསར་པའི་གསར་འགྱུར་བྱ་གཞག་གི་འོད་སྟོང་འབར་བའི་གྲུབ་འབྲས་བཏོད་ཡོད།
ཁྱེད་རང་མི་ཡུལ་འདིར་མགྲོན་དུ་ཕེབས་པ་ནས་བཟུང་། ཁྱེད་ནི་སྐྱེ་བོ་མང་པོའི་མི་ཚེའི་ལམ་གྲོགས་དང་རྣ་བའི་སྒོ་མོ་གཏད་ཡུལ་དུ་གྱུར་ཡོད་ལ། ཁྱེད་ནི་གསན་པ་པོ་མང་པོའི་ཞོགས་པའི་ལངས་རོགས་དང་དགོང་མོའི་ཉལ་རོགས་སུའང་གྱུར་པ་སུ་ཡིས་བསྙོན། ཁྱེད་ཀྱི་གསུང་སྐད་སྙན་པོས་འཇིག་རྟེན་གྱི་སྐྱེ་བོ་མང་པོའི་འཚོ་བར་བདེ་སྐྱིད་ཀྱི་འཛུམ་མདངས་བསྩལ་ཡོད་ལ། ཁོང་ཚོའི་འཚོ་བའི་ལམ་བུར་མཛེས་སྡུག་གི་གུར་ཁང་ཡང་ཕུབ་ཡོད། ཁྱེད་ཀྱི་དྲིན་གྱིས་ཐག་རིང་ལུང་ཁུག་གི་ཡུལ་མི་ཚོས་ཀྱང་འཇིག་རྟེན་གྱི་གསང་བ་མཐའ་དག་ངང་གིས་བརྟོལ་ཐུབ་པ་བྱུང་ཡོད་ལ། མཐའ་མཚམས་ཀྱི་གྲོང་མི་ཚོའི་ཁེར་རྐྱང་དང་སུན་སྣང་གི་འཚོ་བར་དབྱངས་རྟ་སྙན་མོའི་གླུ་ཡི་མཆོད་པ་བཤམས་ཏེ་དགོད་སྒྲ་ཡི་རྒྱ་མཚོ་འཁྱིལ་དུ་བཅུག་ཡོད་པས། ཁྱེད་ནི་ང་ཚོར་མཚོན་ན་དུས་ཐོག་གི་སྦྲང་ཆར་དང་ང་ཚོའི་ནམ་མཁར་མཛེས་སྡུག་གི་ཁ་དོག་སྩོལ་མཁན་གྱི་འཇའ་རིས་སྣུམ་པོ་དེ་ཅིས་མ་ཡིན།
ཁྱེད་ནི་དགེ་རྒན་ཞིག་ཡིན་པའི་དབང་དུ་བཏང་ན། ཁྱེད་ཀྱི་གསུང་སྐད་སྙན་མོའི་འགྱུར་ཁུག་གི་ཁྲོད་དུ། ང་ཚོས་ཏང་གི་མཛད་ཕྱོགས་སྲིད་ཇུས་མང་པོ་སྦར་མཐིལ་དུ་སྐྱུ་རུ་ར་བཞག་པ་ཇི་བཞིན་ཁ་གསལ་གཏིང་གསལ་ཤེས་རྟོགས་ཐུབ་ཅིང་། ཁྱེད་དང་འགྲོགས་ནས་ང་ཚོས་ཚན་རྩལ་ལ་བརྟེན་ནས་འདེབས་འཛུགས་བྱེད་སྟངས་དང་། ཁྲིམས་ལུགས་ལ་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་ཐབས་ཤེས་པ་མ་ཟད། རྒྱལ་ཕྱི་རྒྱལ་ནང་གི་ངོ་མཚར་གསར་འགྱུར་མང་པོ་རྣ་བའི་བུ་གར་མྱོང་སྐལ་བྱུང་བ་མིན་ནམ། ཁྱེད་ཀྱིས་ང་ཚོར་གནང་བ་དེ་ཙམ་གྱིས་ག་ལ་ཚད་དེ། ཁྱེད་ནི་ང་ཚོའི་ཁེར་རྐྱང་གི་རྨི་ལམ་ལ་ཁ་དོག་སྣ་ལྔའི་འཇའ་འོད་དཀྲིག་མཁན་དང་། ང་ཚོ་ཨ་ཐང་ཆད་དུས་རྒྱབ་བརྟེན་བྱེད་སའི་གནས་མལ་དྲོན་མོ། ང་ཚོར་ལེགས་ཉེས་བླང་དོར་འབྱེད་པའི་བློ་མིག་གནང་མཁན། ང་ཚོར་ཕྱུག་འགྱུར་ལམ་བཟང་སྟོན་མཁན་གྱི་དེད་དཔོན་ཞིག་དང་ཅི་འདྲའི་མཚུངས་ཨང་།
ཁྱེད་ནི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་གཉེར་བའི་གྲངས་ཉུང་མི་རིགས་སྐད་ཡིག་གི་རླུང་འཕྲིན་ལེ་ཚན་ཐོག་མ་དེ་ཡིན་པའི་ཆ་ནས། ཁྱེད་ཀྱིས་མི་རིགས་ས་ཁུལ་གྱི་རྒྱ་ཆེའི་གསན་པ་པོར་རྒྱལ་ཁབ་རིམ་པའི་རྒྱང་བསྒྲགས་ཀྱི་ཞབས་འདེགས་ཞུ་བའི་འགན་འཁྲི་ཕྲག་ཏུ་ཁུར་ཏེ། མི་རིགས་ས་ཁུལ་གྱི་མང་ཚོགས་ལ་ཏང་གི་གསུང་སྒྲ་དུས་ཐོག་ཏུ་བརྒྱུད་བསྒྲགས་དང་། མི་རིགས་ས་ཁུལ་དུ་གཞི་ཚུགས་ནས་མི་རིགས་ས་ཁུལ་གྱི་བརྟན་ལྷིང་དང་འཕེལ་རྒྱས་ལ་དོ་ཁུར། ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་མི་འདྲ་བའི་ལེ་ཚན་ཇུས་འགོད་ལ་བརྟེན་ནས་རྒྱ་ཆེའི་གསན་པ་པོའི་ཐོས་འཛིན་གྱི་ལྕགས་ཀྱུ་འགུགས་པར་གཞོལ་བ། གསན་པ་པོའི་དགོས་མཁོ་དང་དགའ་དད་ལ་གཞིགས་ནས་འཕེལ་རྒྱས་ཀྱི་རི་མོ་འགོད་པར་འབད་པ་སོགས་མདོར་ན། ཁྱེད་ཀྱིས་སྒེར་གྱི་དཀའ་ངལ་དང་བར་ཆད་ལ་ཅི་མི་སྙམ་པའི་བརྟུལ་ཞུགས་བཟུང་ནས། དྲག་ཆར་རླུང་འཚུབ་སྣ་ཚོགས་འཛུམ་གྱིས་བསུས་ཤིང་། ལྷག་པར་དུ། སྨྱན་སྦྱོར་གསར་པའི་འཕེལ་རྒྱས་ཀྱི་རྦ་རླབས་དྲག་ཏུ་འཕྱུར་བའི་དེང་གི་དུས་འདིར། ཁྱེད་ཀྱིས་སྲོལ་རྒྱུན་གྱི་གསར་འགྱུར་གཉེར་ཕྱོགས་ཁོ་ནའི་ལམ་དུ་ཨ་ན་ཨུ་ཚུགས་ཀྱིས་མ་བསྐྱོད་པར། དུས་བསྟུན་མདུན་སྐྱོད་ཀྱིས་སྐད་འཕྲིན་སྤྱི་སྟེགས་དང་བརྙན་སྟེགས། འཁྱུགས་དབྱིངས་བརྙན་སྟེགས་སོགས་གཉེར་ཏེ། ལྟ་འདོད་ལ་ཉན་སྤྲོ་བའི་གསར་འགྱུར་བརྩམས་ཆོས་མང་པོ་ཆར་ཤུལ་གྱི་སྤང་ལ་ཤ་མོ་བརྡོལ་བ་ཇི་བཞིན་བརྙན་དང་ཡི་གེའི་ལམ་ནས་རྒྱ་ཆེའི་ཀློག་པ་པོའི་དགའ་སྟོན་དུ་གཅིག་རྗེས་གཉིས་མཐུད་ངང་བཤམས་པར། ལྟ་མཁན་མང་པོའི་མིག་ཡིད་རྣ་བའི་སྒོ་འཕར་ཡངས་པོར་ཕྱེ་བ་མ་ཟད། ཁོང་ཚོའི་ཁས་ལེན་དང་གདེང་འཇོག་གང་ལེགས་ཐོབ་དང་ཐོབ་བཞིན་མཆིས།
ཁྱེད་ཀྱིས་རྒྱ་ཆེའི་གསན་པ་པོའི་སླད་དུ་སྐྱ་རེངས་ལ་དབུ་ཁྱུད་བྲིས་ཤིང་སྨག་རུམ་ལ་རྫོགས་ཚིག་བཀོད་དེ། གངས་ལྗོངས་ས་མཐོའི་ནམ་མཁའ་ཡངས་པོར་གསུང་གི་བདུད་རྩི་ལྷང་ལྷང་སྒྲོག་པ་དྲན་དུས། ང་རང་དབང་མེད་པར་ཁྱེད་ཀྱི་བཀའ་དྲིན་ལྷང་ལྷང་དྲན་འོང་ལ། སླད་མར། ཁྱེད་ཀྱིས་མུ་མཐུད་དེ་དུས་རབས་གསར་པའི་ཁྱབ་སྤེལ་ཁོར་ཡུག་དང་འཚམ་པའི་ཏང་གི་རླུང་འཕྲིན་བྱ་གཞག་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་འབད་འབུངས་གནང་ངེས་ཡིན་པའི་ཡིད་ཆེས་ཀྱིས་ཀྱང་ཀུན་ནས་བརྟས་སོ། །
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག མིག་དམར་རྒྱལ་པོ།
སྙན་སྒྲོན། པ་སངས་ལྷ་མོ།