ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

▶ཅང་ཤེས་རྟ་ཐོག་ཏུ་བསྒྱུར་བའི་ལང་ཚོའི་གར་སྟབས། རྫིག་ཅིང་མཛེས།

2025-05-02 11:03:00     责编:娜科

རྟ་ཐོག་མི་རིགས་ཀྱི་ཆེད་ལས་རྟ་པའི་རུ་ཁག

བོད་ལྗོངས་རྟ་རྩལ་རུ་ཁག་ནི་སྤྱི་ལོ་1986ལོར་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་སྐུལ་སློང་འོག་དབུ་བརྙེས་པ་དང་།   རུ་ཁག་དེ་ཐོག་མར་འཛུགས་སྐབས་བོད་ལྗོངས་ས་གནས་ཁག་ནས་རུ་མི་40བདམས་ནས་ནང་སོག་ཧུ་ཧེ་ཧའོ་ཐེ་རུ་དུས་ཡུན་ལོ་གཅིག་རིང་ཆེད་ལས་སྦྱོང་བརྡར་བྱེད་པར་མངགས་ནས་ཐོག་མའི་དུས་ཀྱི་རུ་མི་སྒྲིག་འཛུགས་བྱས་པ་དང་། དུས་དེ་ནས་བཟུང་ཆེད་ལས་ཀྱི་བོད་ལྗོངས་རྟ་རྩལ་རུ་ཁག་གི་འབད་འཐབ་དང་རྒྱང་སྐྱོད་འགོ་བཙུགས་ཡོད།  

 

 

དེ་ནས་ཕྱིས་སུ་སྦྱོང་བརྡར་དང་འགྲན་བསྡུར་གྱི་དགོས་མཁོ་སྣ་ཚོགས་པར་བསྟུན་ཆེད། བོད་རང་སྐྱོང་ལྗོངས་རྟ་རྩལ་རུ་ཁག་གི་རུ་མི་དག་རྩལ་འགྲན་རྟ་རྩལ་རུ་ཁག་དང་མི་རིགས་སྲོལ་རྒྱུན་རྟ་རྩལ་རུ་ཁག་གཉིས་ལ་དབྱེ་བ་ཕྱེ་ཞིང་། རྩལ་འགྲན་རྟ་རྩལ་རུ་ཁག་གི་ལས་འགན་དེ་དེང་རབས་ཀྱི་རྟ་རྩལ་རྩལ་འགྲན་རྣམ་གྲངས་གཙོ་བོར་བཞག་ནས་རྒྱལ་ཕྱི་རྒྱལ་ནང་གི་འགྲན་བསྡུར་ཁག་ནང་ཞུགས། མ་ཟད་རུ་ཁག་དེའི་འགྲན་བསྡུར་བྱེད་ས་གཙོ་བོ་ནང་ས་དང་ཕྱི་རྒྱལ་དུ་ཡིན་པས། དགོས་པའི་དབང་གིས་རྩལ་འགྲན་རྟ་རྩལ་རུ་ཁག་གི་གཏན་འཇགས་སྦྱོང་བརྡར་བྱེད་ས་དེ་རྒྱལ་ས་པེ་ཅིང་དུ་བཀོད་སྒྲིག་བྱས། མི་རིགས་སྲོལ་རྒྱུན་རྟ་རྩལ་རུ་ཁག་གི་བཅའ་སྡོད་བྱེད་ས་ལྷ་སར་ཡིན་ཞིང་། རུ་ཁག་དེའི་ལུས་རྩལ་རྣམ་གྲངས་ནང་རྟ་རྩལ་འཁྲབ་སྟོན་དང་། རྟ་རྒྱུག་མདའ་འཕེན། རྟ་ཐོག་ནས་ཁ་བཏགས་སྒྲུག་པ། བང་འགྲན་རྟ་རྒྱུག་སོགས་ཡོད་པ་དང་། ནམ་རྒྱུན་བོད་ལྗོངས་ཀྱི་བྱེད་སྒོ་ཆེ་གྲས་དང་དུས་ཆེན་ཆེ་གྲས་ཐོག་རྟ་རྩལ་འཁྲབ་སྟོན་བྱེད་པ་དང་། གཞི་རིམ་དུ་རྟ་རྩལ་འཁྲབ་སྟོན་གཟིགས་འབུལ་བྱེད་པ། དེ་བཞིན་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལུས་རྩལ་འགྲན་ཚོགས་སོགས་ལ་ཞུགས་ཀྱི་ཡོད།   རུ་ཁག་དེས་ཀྱང་རྒྱལ་ཡོངས་རང་བཞིན་གྱི་འགྲན་བསྡུར་ནང་ཐེངས་མང་ཞུགས་ནས་བྱ་དགའ་གཟིགས་བཟོས་མང་པོ་བརྩོན་ལེན་བྱས་ཡོད་པ་མ་ཟད།  གཞི་རིམ་དུ་འོས་འགན་འཁྲབ་སྟོན་བྱེད་པར་ལོ་ལྟར་བསྐྱོད་པར་ཞིང་འབྲོག་མང་ཚོགས་ཚོའི་དགའ་བསུ་ཐོབ་དང་ཐོབ་མུས་ཡིན། ལོ་རེའི་བོད་ཀྱི་ལོ་གསར་ཚེས་གསུམ་ཉིན་གྱི་བྱེད་སྒོ་དང་ལྷ་སའི་ཞོ་སྟོན་སོགས་ཀྱི་སྐབས་སུ་བོད་ལྗོངས་མི་རིགས་སྲོལ་རྒྱུན་རྟ་རྩལ་རུ་ཁག་གི་འཁྲབ་སྟོན་ནི་ལྟད་མོ་བ་རྣམས་ནས་རེ་སྒུག་ཆེན་པོ་བྱེད་པའི་འཆར་ཅན་གཟིགས་མོར་གྱུར་ཡོད།

 

 

སྤྱི་ལོ་2011ལོར་སྔར་གྱི་བོད་ལྗོངས་རྟ་རྩལ་རུ་ཁག་ཅེས་པ་དེ་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་དང་མི་རིགས་སྲོལ་རྒྱུན་ལུས་རྩལ་མཛུབ་ཁྲིད་དོ་དམ་ལྟེ་གནས་ཞེས་པར་མིང་སྒྱུར་རིམ་སྤོར་བྱས་པ་དང་། མིག་སྔར་རྟ་རྩལ་རུ་ཁག་གི་རྟ་རྩལ་ལུས་རྩལ་པའི་གྲངས་འབོར་དང་། རྟ་ཡི་གྲངས་འབོར། དེ་བཞིན་སྦྱོང་བརྡར་དང་། འགྲན་བསྡུར། འཁྲབ་སྟོན་བཅས་ཀྱི་སྒྲིག་ཆས་ཆ་རྐྱེན་སོགས་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད་ལ། དེ་ལྟ་བུའི་ཁོར་ཡུག་ནང་བོད་ལྗོངས་ཀྱི་རྒན་དར་གཞོན་གསུམ་གྱིས་གྲུབ་པའི་ཆེད་ལས་རྟ་པ་མང་པོས་བོད་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་རིག་གནས་སྦྱོང་སྤྱོད་སྤེལ་གསུམ་གྱི་མཛད་འཕྲིན་ལེགས་པར་སྐྱོང་བ་དང་ཆབས་ཅིག དེང་རབས་རྟ་ཐོག་རྩལ་ནུས་ལུས་རྩལ་ཡང་དར་སྤེལ་གཏོང་བཞིན་མཆིས། 

 

ཅང་ཤེས་རྟ་ཐོག་ཏུ་ལང་ཚོའི་གར་སྟབས་བསྒྱུར་བའི་གཞོན་སྐྱེས་རྟ་པ། 

རུ་ཁག་ཅི་ཞིག་ཡིན་རུང་དེའི་ནང་གི་གཞོན་སྐྱེས་རུ་མི་ནི་རུ་ཁག་དེའི་སྐྱེ་སྟོབས་དང་གསོན་ཤུགས་ཡིན་ལ། དེ་བས་ཀྱང་མ་འོངས་པའི་རེ་བ་ཡིན། བོད་ལྗོངས་སྲོལ་རྒྱུན་རྟ་རྩལ་རུ་ཁག་ནང་དུའང་རྟ་རྩལ་ལ་དགའ་ཞིང་། རྟ་རྩལ་གྱི་ཆེད་དུ་འབད་པ་ལྷུར་ལེན་བྱེད་མཁན་གཞོན་སྐྱེས་རྟ་པ་མང་པོ་ཡོད་ཅིང་། བསྟན་འཛིན་བློ་བརྟན་ནི་ཁོང་ཚོའི་ཁྲོད་ཀྱི་གཅིག་ཡིན། 

 

 

བསྟན་འཛིན་བློ་བརྟན། ལོ་23 ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་མི།  བོད་ལྗོངས་སྲོལ་རྒྱུན་རྟ་རྩལ་རུ་ཁག་གི་ལུས་རྩལ་པ། 

བསྟན་འཛིན་བློ་བརྟན་ཆུང་ངུའི་དུས་སུ་ཕ་མ་གཉིས་དང་མཉམ་དུ་རྟ་རྒྱུག་ལ་བལྟ་བར་ཐེངས་མང་འགྲོ་མྱོང་བ་དང་། སྐབས་དེར་རྟ་པ་རྣམས་ནས་རྟ་ཐོག་ནས་མདའ་འཕེན་པ་དང་ཁ་བཏགས་སྒྲུག་པ་སོགས་མཐོང་སྐབས་ལོ་ཆུང་ཁོང་གི་སེམས་ནང་ཡ་མཚན་དང་ཡིད་སྨོན་ཅིག་ཅར་དུ་སྐྱེས་ཤིང་། རང་ཉིད་ནས་ཀྱང་རྟ་ཐོག་ཡང་རྩལ་དེ་འདྲ་རྩེད་ཐུབ་ན་ཅི་མ་རུང་སྙམ། དེ་ནས་ཕྱིས་སུ་ཆེད་ལས་རྟ་པ་ཞིག་ཏུ་འགྱུར་བ་བྱ་རྒྱུ་དེ་ཁོང་གི་ཕུགས་བསམ་དུ་གྱུར་བ་མ་ཟད། དེའི་ཐད་ཀྱི་རྨང་གཞིའི་སྦྱོང་བརྡར་རབ་དང་རིམ་པ་བྱས་པས་བསམ་ཐོག་ཏུ་རྟ་རྒྱུག་པ་ཇི་བཞིན་མཐར་ཁོང་བོད་ལྗོངས་སྲོལ་རྒྱུན་རྟ་རྩལ་རུ་ཁག་གི་ཆེད་ལས་རྟ་པ་ཞིག་ཏུ་གྱུར། 

ང་ཚོ་གསར་འགོད་པ་བཅར་འདྲིར་བསྐྱོད་པའི་ཉིན་དེར།  བསྟན་འཛིན་བློ་བརྟན་དང་ཁོང་གི་ལས་རོགས་ཚོ་ལྷ་སའི་རྟ་རྒྱུག་ཐང་དུ་སྦྱོང་བརྡར་བྱེད་བཞིན་འདུག ཐང་སྡེར་དེར་ཉི་འོད་བཀྲག་ཆེ་བས་དགོང་མོ་མགྲོན་ཁང་དུ་ལོག་སྐབས་ངོ་གདོང་ལ་ཚ་ཤར་རྒྱག་གི་འདུག་ལ་གདོང་ནག་རྐྱང་ཆགས་པའི་སྣང་བ་ཞིག་ཀྱང་བྱུང་།  ཡིན་ནའང་ལུས་རྩལ་པ་ཁོང་རྣམས་ཉིན་ལྟར་གནས་དེར་དཀའ་སྤྱད་སྡུག་རུས་ཀྱིས་སྦྱོང་བརྡར་གནང་བར་བསམ་བློ་གཏོང་དུས་རང་ཉིད་ཀྱི་གདོང་གི་ཚ་ཤར་ཡང་འཇགས་སོང་།   

ཁོང་ཚོས་ཞོགས་པ་སྔ་པོ་ལངས་ནས་རྒྱུག་ཤར་གློད་པ་སོགས་ཀྱི་སྦྱོང་བརྡར་བྱས་པའི་རྗེས་རྟ་དང་འབྲེལ་བ་ཡོད་པའི་ལུས་རྩལ་དག་ནང་སྦྱོང་བྱེད་པ་དང་། དེ་ནས་རྟ་ཡི་གཟུགས་པོ་འཁྲུ་བ་དང་རྟ་འཆམ་འཆམ་ལ་འཁྲིད་པ་སོགས་རྟ་ལ་གཡོག་བྱེད་བྱེད་པའི་བྱ་བ་དག་སྒྲུབ། ཉིན་གུང་ནས་ཕྱི་དྲོའི་མཚམས་ལ་རྟ་ངལ་གསོ་རྒྱག་དགོས་པས་ཁོང་ཚོས་མཚམས་རེ་སྦག་སྦག་གིས་རྟ་ཡི་ཚབ་བྱས་ནས་ས་ཐོག་ནས་ཁ་བཏགས་སྒྲུག་རྩལ་སྦྱོང་བ། དགོང་མོ་ལུས་སྦྱོང་ཁང་ནང་ལུས་པོའི་ཤེད་ཤུགས་སྦྱོང་བ། སྤོ་ལོའི་ཐང་དུ་རྒྱུག་ཤུགས་སྦྱོང་བ་སོགས་གང་ལྟར་ཁོང་ཚོའི་ཉིན་གཅིག་གི་དུས་ཚོད་ནི།   ལུས་རྩལ་དང་རྔུལ་ཆུ། རྔུལ་ཆུ་དང་ལུས་རྩལ་དང་ཁ་བྲལ་ཐབས་མི་འདུག 

 

 

གང་ཞིག་དཀའ་སྤྱད་ཀྱི་རྔུལ་ཆུ་གཏོར་བའི་ས་དེར་རེ་བའི་འབྲས་བཟང་ལོས་སྨིན།   དེ་ཡང་རུ་ཁག་དེར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལུས་རྩལ་འགྲན་ཚོགས་ནང་གྲུབ་འབྲས་ཡག་པོ་ཐོབ་ཡོད་ལ།   བསྟན་འཛིན་བློ་བརྟན་ཁོང་སྒེར་ལའང་གྲུབ་འབྲས་མི་དམན་པ་ཐོབ་ཡོད་པ་སྟེ།  དེ་ཡང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཐོག་རྟ་ཐོག་ནས་ཁ་བཏགས་སྒྲུག་པའི་ཚོགས་པའི་རྣམ་གྲངས་འགྲན་བསྡུར་ནང་ཞུགས་པར་གསེར་གྱི་རྟགས་མ་ཐོབ་པ་དང་།  ཁོང་མི་སྒེར་ལ་ཁ་བཏགས་སྒྲུག་པ་དང་མདའ་འཕེན་པ་གཉིས་འཛོམས་འགྲན་བསྡུར་གྱི་དངུལ་གྱི་རྟགས་མ་ཐོབ།  

རྟ་རྒྱུག་ནི་ལུས་རྩལ་ཞིག་ཡིན་ལ། རྟ་རྒྱུག་ལས་འཕྲོས་པའི་རྟ་ཐོག་མདའ་འཕེན་དང་། རྟ་ཐོག་གར་འཁྲབ། རྟ་ཐོག་ནས་ཁ་བཏགས་སྒྲུག་པ། རྟ་ཐོག་ནས་ཆང་ཕོར་སྒྲུག་པ་སོགས་ཀྱི་རྩལ་ནི་ལུས་རྩལ་རྐྱང་པ་ལས་འདས་པའི་རིག་གནས་ཀྱི་རྣམ་གྲངས་ཤིག་ཡིན་ཞིང་། དེ་ལྟ་བུའི་རིག་གནས་ཁྲོད་མེས་པོའི་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱས་པ་ཡོད་ལ། ཁོང་རྣམ་པས་དུས་བསྟུན་གསར་གཏོད་བྱས་པ་ཡང་ཡོད་ཅིང་། དེ་དག་གིས་མི་རྣམས་ལ་སྦྱིན་པ་ནི་མིག་གི་ལྟད་མོ་དང་སེམས་ཀྱི་ལོངས་སྤྱོད་ཙམ་མ་ཡིན་པར།  བློ་དང་། སྟོབས། ཤེད། རྩལ་བཅས་གཞི་གཅིག་ཏུ་འདུས་པ་ལས་མངོན་པའི་ཉམས་སྣང་དེས་མི་རྣམས་ལ་སེམས་ཤུགས་དང་སྤོབས་པ་སྦྱིན་བཞིན་ཡོད།

སྲིད་ཇུས་ཀྱི་ཉི་འོད་དྲོ་པོ་དང་། རིག་གནས་ཀྱི་ཞིང་ས་གཤིན་པོ། རྒྱབ་སྐྱོར་གྱི་སྦྲང་ཆར་ཟིལ་མ། རྩལ་སློབ་པའི་ལྷག་བསམ་རྨོ་འདེབས་སོགས་ཡོད་པའི་དབང་གིས་བོད་ལྗོངས་རྟ་རྩལ་རུ་ཁག་གི་བསྟན་འཛིན་བློ་བརྟན་དང་། ཁོང་ལས་ལོ་ན་གཞོན་པའི་གཞོན་སྐྱེས་རྟ་རྩལ་པ་རྣམས་ཀྱི་ལང་ཚོའི་ཕུགས་འདུན་རྟ་ཐོག་ནས་མངོན་འགྱུར་ཐུབ་པར་ཡིད་ཆེས་ཀྱིས་བརྟས།

 

 

ང་ཚོས་འགྲན་བསྡུར་གྱི་ཐོག་དང་། ཀུན་སྤྱོད་ཀྱི་ཐད། ཉམས་བཟང་གི་ཐད་མུ་མཐུད་གསེར་གྱི་རྟགས་མ་ལེན།

བསྟན་འཛིན་བློ་བརྟན་གྱིས་མཇུག་ཏུ། ང་རང་རྟ་རྩལ་རུ་ཁག་ནང་སླེབས་པའི་རྗེས། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཟེར་བ་དེར་སྟོབས་ཤུགས་ཆེན་པོ་གང་འདྲ་ཡོད་མེད་དེ་ཤེས་བྱུང་ལ། ང་རང་རྟ་མཆོག་ལ་བཞོན་ནས་རྒྱུག་པའི་སྐབས། རླུང་བུ་བཞིན་འཁོན་ཐོགས་མེད་པའི་བདེ་བ་ཐུན་མོང་མ་ཡིན་པ་ཞིག་ཚོར་གྱི་འདུག དེ་བས་འགྲན་བསྡུར་ར་བའི་ཐོག ང་རང་ལ་དེ་རིང་གི་ང་དེ་ཁ་སང་གི་ང་ལས་ལྷག་པར་གྱུར་བའི་སྤྲོ་སྣང་བརྗོད་མི་ཤེས་པ་ཞིག་ཀྱང་ཚོར་གྱི་འདུག ཤུགས་རྒྱོབས། བོད་ལྗོངས་རྟ་རྩལ་རུ་ཁག ང་ཚོས་འགྲན་བསྡུར་གྱི་ཐོག་དང་། ཀུན་སྤྱོད་ཀྱི་ཐད། ཉམས་བཟང་གི་ཐད་མུ་མཐུད་ནས་གསེར་གྱི་རྟགས་མ་ལེན་དོ་ཞེས་གསུངས། །

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

རྒྱ་གར་ནས་ཕ་ཁི་སི་ཐན་དམག་དང་མེ་མདའ་རྒྱག་རེས་བྱས་ཡོད་ཅེས་བཤད་པ།

དེ་ཡང་། རྒྱ་གར་གྱིས་ཚོད་འཛིན་བྱས་པའི་ཀ་ཤི་སྨིར་ས་ཁུལ་དུ་ཚེས་22ཉིན་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་པ་སྟེ། དྲག་ཆས་མི་སྣ་3གྱིས་ཡུལ་སྐོར་བར་ཕྱོགས་ནས་མེ་མདའ་བརྒྱབ་པས།

中央广播电视总台 央广网 版权所有

▶ཅང་ཤེས་རྟ་ཐོག་ཏུ་བསྒྱུར་བའི་ལང་ཚོའི་གར་སྟབས། རྫིག་ཅིང་མཛེས།