ལུས་པོའི་ལྗིད་ཚད་ཡང་དུ་གཏོང་བའི་སྒོ་བསྟེན་སྨན་བཅོས་ཁང་བཙུཊ་པ།
འོ་ན། སྒོ་བསྟེན་སྨན་བཅོས་ཁང་འདི་དག་གིས་ཇི་ལྟར་བྱས་ནས་མིའི་ལུས་པོའི་ལྗིད་ཚད་ཡང་དུ་གཏོང་རོགས་བྱ་རྒྱུ་ཡིན་ནམ་ཞེ་ན།
-
བཟའ་བཏུང་དང་། ལས་ཀ་དང་ངལ་གསོ། ལུས་རྩལ་བཅས་ཚུད་པའི་ལུས་པོའི་ལྗིད་ཚད་དོ་དམ་གྱི་ཇུས་གཞི་བཟོ་རྒྱུ།
ལོ་25ལ་སླེབས་པའི་ཞའོ་ཝང་གི་ལུས་པོའི་ལྗིད་ཚད་ལ་རྒྱ་མ་300ཡོད་པ་དང་། BMIཡི་སྟོན་གྲངས་50ལ་ཉེ་བས། ཞའོ་ཝང་ནི་རྒྱགས་དྲགས་པའི་ཁོངས་སུ་གཏོགས་ཤིང་། བདེ་ཐང་གི་ལྗིད་ཚད་ཁྱབ་ཁོངས་ལས་ཆེས་ཆེར་བརྒལ་ཡོད། ཞའོ་ཝང་བཙུགས་མ་ཐག་པའི་པེ་ཅིང་ཞེ་ཧོ་སྨན་ཁང་གི་ལུས་པོའི་ལྗིད་ཚད་དོ་དམ་མཉམ་འབྲེལ་སྒོ་བསྟེན་སྨན་བཅོས་ཁང་དུ་སྨན་བཅོས་བྱེད་པར་སླེབས་ཡོད་པ་དང་། སྒོ་བསྟེན་སྨན་བཅོས་ཁང་དེར་ནད་ཐོག་འཚོ་བཅུད་ཚན་ཁག་དང་། ནང་ཟགས་ཚན་ཁག ཀྲུང་ལུགས་གསོ་རིག་ཚན་ཁག་བཅས་ཀྱི་སྨན་པས་མཉམ་དུ་སྨན་བཅོས་བྱེད་ཀྱི་ཡོད། མཉམ་བསྡུས་ནད་དཔྱད་བྱེད་སྐབས། རིག་ཚན་མི་འདྲ་བའི་རིགས་གཅིག་མཁས་ཅན་གྱིས་ཞའོ་ཝང་གི་གནས་ཚུལ་ལ་དབྱེ་ཞིབ་ཞིབ་ཕྲ་བྱས་ནས། བཟའ་བཏུང་དང་། ལས་ཀ་དང་ངལ་གསོ། ལུས་རྩལ་བཅས་ཚུད་པའི་ཁྱོན་ཡོངས་ཀྱི་ལུས་པོའི་ལྗིད་ཚད་དོ་དམ་ཇུས་གཞི་ཆ་ཚང་ཞིག་མཁོ་འདོན་བྱས་ཡོད།
གཟུགས་གཞིའི་སྟོན་གྲངས(BMI)ནི་མིའི་ལུས་ཕུང་གི་ཤ་རྒྱགས་ཚད་འཇལ་བའི་ཚད་གཞི་ཡིན།
-
BMI=ལྗིད་ཚད(སྤྱི་རྒྱ)/གཟུགས་པོའི་རིང་ཚད(སྨི)²
-
རང་རྒྱལ་གྱི་བདེ་ཐང་གི་མི་དར་མའི་BMIཡི་རྒྱུན་གཏན་ཁྱབ་ཁོངས་ནི་18.5ནས་24བར་ཡིན།
-
BMIདེ་24ནས་28བར་ཡིན་ན་ལྗིད་ཚད་ཚད་ལས་བརྒལ་བར་ངོས་འཛིན་གྱི་ཡོད་པ་དང་།
-
28ལ་སླེབས་པའམ་ཡང་ན་དེ་ལས་བརྒལ་ཚེ་ཤ་རྒྱགས་པར་ངོས་འཛིན་གྱི་ཡོད། དེའི་ནང་ནས་ BMIལ་གཞིགས་ནས་ཅུང་རྒྱགས་པ་དང་། རྒྱགས་པ་འབྲིང་ཙམ། རྒྱགས་དྲགས་པ། ཧ་ཅང་རྒྱགས་དྲགས་པ་བཅས་སུ་དབྱེ་ཡི་ཡོད།
རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། བདེ་ཐང་ངང་ལྗིད་ཚད་ཡང་དུ་གཏོང་བར་བར་བརྒལ་རང་བཞིན་གྱི་འཚོ་བ་སྐྱེལ་སྟངས་ཤིག་དགོས་ཀྱི་ཡོད། དེ་ཡང་། མི་ཞིག་དུས་ཡུན་རིང་པོའི་ནང་ཤ་རྒྱགས་པའི་རྣམ་པར་གནས་ཚེ། ལུས་པོའི་བརྗེ་ཚབ་ཀྱི་དོ་དམ་སོགས་ནི་རྒྱགས་པའི་རྣམ་པར་གོམས་ཡོད་པས། གལ་ཏེ་དོ་སྙོམས་དེ་གཏོར་ཚེ་བསྐྱར་ལོག་བྱེད་སྲིད། དེས་ན་དུས་ཡུན་རིང་པོའི་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་སྤྱད་ནས་དོ་དམ་བྱེད་དགོས། བཟའ་བཏུང་དང་། འགུལ་སྐྱོད། སེམས་ཁམས། གཉིད་ཁུག་ཚད་བཅས་ལྷུ་ཚིགས་འདི་དག་གཅིག་གྱུར་མཐུན་སྦྱོར་བྱས་ན། ད་གཟོད་ཡུན་རིང་རྒྱུན་འཁྱོངས་བྱེད་ཐུབ།
-
མི་ཚོགས་མི་འདྲ་བར་དམིགས་ནས་སྨན་བཅོས་ཇུས་གཞི་བཟོ་བ་དང་། སྨན་བཅོས་བྱས་རྗེས་ཚེ་གང་སྐབས་བསྟུན་བཅར་འདྲི་བྱ་རྒྱུ།
ཤ་མོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོའི་ལུས་པོའི་ལྗིད་ཚད་དོ་དམ་སྒོ་བསྟེན་སྨན་བཅོས་ཁང་དུ་སྨན་བཅོས་བྱེད་པར་ཡོང་བའི་ཨ་ཅག་ཀྲང་ལགས་ནི་ད་ལོ་ལོ་41ཡིན་པ་དང་། གཟུགས་པོའི་རིང་ཚད་ལ་སྨི་གཅིག་ཚེག་བདུན་ཡང་ཟིན་གྱི་མེད་ཀྱང་ལུས་པོའི་ལྗིད་ཚད་ལ་རྒྱ་མ་200ཡོད་ཅིང་། ཁོང་གིས་ལྗིད་ཚད་ཡང་དུ་གཏོང་བར་ད་བར་ཕན་འབྲས་ཡག་པོ་ཐོན་མེད། ཨ་ཅག་ཀྲང་ལགས་ཀྱིས། ངས་སྨན་སྣ་ཚོགས་འཐུང་མྱོང་ཡོད་ལ། དགོང་མོར་གཙོ་ཟས་མ་ཟ་བ་ཡང་བྱས་མྱོང་། འོན་ཀྱང་ལུས་པོ་ད་དུང་རྒྱགས་ཏུ་འགྲོ་གི་འདུག་ཅེས་བཤད།
ད་ལོའི་ཟླ་དང་པོར་སྨན་བཅོས་བྱེད་འགོ་ཚུགས་པའི་ཤ་མོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོའི་ལུས་པོའི་ལྗིད་ཚད་དོ་དམ་སྒོ་བསྟེན་སྨན་བཅོས་ཁང་དང་ལུས་པོའི་ལྗིད་ཚད་དོ་དམ་གྱི་རིག་ཚན་མང་པོའི་མཉམ་འབྲེལ་སྒོ་བསྟེན་སྨན་བཅོས་ཁང་གིས་གཞི་རྒྱུར་ཞིབ་དཔྱད་ཚད་ལེན་དང་གཟུགས་པོའི་གྲུབ་ཆར་དབྱེ་ཞིབ་སོགས་ཀྱི་ལག་རྩལ་དང་ཟུང་འབྲེལ་བྱས་ནས། མི་ཚོགས་མི་འདྲ་བར་དམིགས་ནས་སྨན་བཅོས་ཇུས་གཞི་མཁོ་འདོན་བྱས་ཡོད། རིགས་གཅིག་མཁས་ཅན་གྱིས། སྨན་བཅོས་བྱས་རྗེས་ཚེ་གང་སྐབས་བསྟུན་བཅར་འདྲི་བྱས་ནས། ནད་པའི་དུས་རྒྱུན་གྱི་བཟའ་བཏུང་དང་། ལུས་རྩལ། སྨན་རྫས་ཀྱི་ཐེ་གཏོགས་སོགས་ལ་མཛུབ་ཁྲིད་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་ཡོད།
-
བཟའ་བཅའི་ཇུས་གཞི་དང་ལུས་རྩལ་དྲག་སྐྱེད་མཛུབ་ཁྲིད་གཏན་འཁེལ་བཟོས་ནས། ལྗིད་ཚད་ཚད་ལས་བརྒལ་བའི་མི་ཚོགས་ལ་ཚགས་བཤེར་བྱ་རྒྱུ།
ཧྲང་ཧའེ་ཧྥུ་ཏན་སློབ་ཆེན་ཁོངས་གཏོགས་ཀྱི་ཧྭ་ཧྲན་སྨན་ཁང་གིས་རིག་ཚན་མང་པོའི་རིགས་གཅིག་མཁས་ཅན་དང་མཉམ་འབྲེལ་ཐོག་གསོ་རིག་གི་ལྗིད་ཚད་དོ་དམ་ལྟེ་གནས་བཙུགས་ནས། ནད་པར་ཁྱད་པར་ཡོད་པའི་སྨན་བཅོས་ཇུས་གཞི་བཟོས་ཡོད། དཔེར་ན། BMIཡི་སྟོན་གྲངས་24ནས་28བར་ཡིན་པའི་ལྗིད་ཚད་ཚད་ལས་བརྒལ་བའི་མི་ཚོགས་ལ་བཟའ་བཅའི་ཇུས་གཞི་བཟོ་བ་དང་ལུས་རྩལ་དྲག་སྐྱེས་མཛུབ་སྟོན་བརྒྱུད་ཐེ་གཏོགས་བྱ་ཆོག
རིགས་གཅིག་མཁས་ཅན་གྱིས། BMIཡི་སྟོན་གྲངས་དེ་28ནས་32.5བར་ཡིན་མཁན་ཚོས་གསོ་རིག་གི་རོགས་རམ་ཐོབ་ཐབས་བྱེད་དགོས། ང་ཚོས་ཚགས་བཤེར་བྱས་ནས། ནད་པར་གཅིན་པ་མངར་འགྱུར་དང་ཁྲག་ཚིལ། གཅིན་སྐྱུར་སོགས་རྒྱུན་ལྡན་མིན་པའི་གནས་ཚུལ་ཡོད་མེད་བལྟས་ཏེ། ནད་གཞིའི་འགྱུར་ལྡོག་ལ་གཞིགས་ནས་སྨན་སྤྱོད་དུ་འཇུག་གི་ཡོད་ཅེས་བརྗོད་ཡོད།
-
བྱིས་པ་དང་གཞོན་ནུ་ལོ་ཆུང་ཁྲོད་ལྗིད་ཚད་ཚད་ལས་བརྒལ་བ་དང་རྒྱགས་པ་རྣམས་ཀྱང་ལྗིད་ཚད་སྒོ་བསྟེན་སྨན་བཅོས་ཁང་དུ་འགྲོ་ཆོག
ཧུའུ་ནན་ཞིང་ཆེན་བྱིས་པའི་སྨན་ཁང་གི་ལྗིད་ཚད་དོ་དམ་ལྟེ་གནས་ཀྱི་ལྗིད་ཚད་ཡང་གཏོང་སྒོ་བསྟེན་སྨན་བཅོས་ཁང་དུ། འཚོ་བཅུད་སྡེབ་སྦྱོར་སྨན་པས་སྨན་བཅོས་བསྐྱར་མ་བྱེད་པར་ཡོང་མཁན་དབྱང་དབྱང་ལ་དུས་ཐེངས་གསར་པའི་བདེ་ཐང་གི་ཟས་ཐོ་བཟོས་ཡོད། དབྱང་དབྱང་གི་ཟས་ཐོ་དེའི་ནང་ཉིན་རེར་ཟས་རིགས་རིགས་12ཡན་བཟའ་དགོས་པ་དང་ཉིན་གཅིག་ལ་ཟ་དུས་4དང་ཟ་ཐེངས་རེའི་ཚད་གཞི་ཁེ་ལ་གཞིགས་ནས་གཏན་འཁེལ་བྱས་ཡོད།
ཟས་ཐོ་དེ་གཞིར་བྱས་ཏེ་ཟླ་གཅིག་ལག་བསྟར་བྱས་རྗེས། དབྱང་དབྱང་གི་ཨ་མས་འགྱུར་ལྡོག་མཐོང་ཡོད། བུའི་ཕོ་བ་ཆུང་དུ་ཕྱིན་པ་དང་ལུས་པོའི་ལྗིད་ཚད་རྒྱ་མ་7ནས་རྒྱ་མ་8ཡས་མས་ཡང་དུ་ཕྱིན་ཡོད།
-
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི《མི་དར་མ་རྒྱགས་པ་ཚོའི་ཟས་གསོའི་ཕྱོགས་སྟོན(2024ལོའི་པར་གཞི)》ནང་། འཚོ་བཅུད་ཆེན་པོ་གསུམ་གྱི་ནུས་ཚད་མཁོ་འདོན་བསྡུར་ཚད་ནི་ཁག་སོ་སོར་ཚིལ་བུ་20%ནས་30%བར་དང་། སྤྲི་དཀར་15%ནས་20%བར། ཐན་ཆུའི་འདྲེས་སྦྱོར་དངོས་རྫས་50%ནས་60%བར་བཅས་ཡིན་པའི་གྲོས་འགོ་བཏོན་ཡོད། ཕྱོགས་སྟོན་ནང་དུས་ཚོད་གཏན་འཁེལ་དང་འབོར་ཚད་གཏན་འཁེལ་གྱི་ཆོས་ཉིད་ལྟར་ཟ་མ་ཟ་རྒྱུའི་གྲོས་འགོ་བཏོན་ཡོད་དེ། ཞོགས་ཟས་ཟ་དགོས་པ་དང་། ཆུ་ཚོད་17:00ནས་19:00བར་དགོང་ཟས་ཟ་དགོས་པ། དགོང་ཟས་བཟས་རྗེས་ཟས་རིགས་གང་ཡང་མི་ཟ་བ། ཆུ་འཐུང་ཆོག་པ་བཅས་ཡིན།
-
རྒྱུན་དུ་མཚན་འཁྱོལ་དང་གཉིད་འདང་ངེས་མི་ཁུག་པ། ལས་ཀ་དང་ངལ་གསོར་ཆོས་ཉིད་མེད་པ་བཅས་ཀྱིས་ནང་གི་ཟགས་ཐོན་འཁྲུག་པ་དང་ཚིལ་གྱི་བརྗེ་ཚབ་རྒྱུན་ལྡན་མིན་པར་གྱུར་ལ། “དཀའ་ལས་ཁག་དྲགས་ནས་རྒྱགས་པ་ཆགས་པ”ཡང་ཡོད་པས། ཤ་རྒྱགས་དྲགས་པའི་ནད་པས་ཉིན་མཚན་སྐྱེ་དངོས་ཀྱི་ཚིགས་འགྲོས་ལྟར་ཉིན་རེར་ཆུ་ཚོད་བདུན་ཡས་མས་གཉིད་ཐུབ་པའི་འགན་ལེན་བྱེད་དགོས།
-
ཤ་རྒྱགས་དྲགས་པའི་མིས་ལྗིད་ཚད་ཡང་དུ་གཏོང་བའི་འགུལ་སྐྱོད་རྩ་དོན་ནི། ཤུགས་ཚད་འབྲིང་ཆུང་གི་དབྱང་ལྡན་འགུལ་སྐྱོད་བྱ་རྒྱུ་གཙོ་བོར་བྱེད་དགོས། དཔེར་ན། རྐང་ཐང་དུ་འགྲོ་བ་དང་དལ་པོར་རྒྱུག་པ། ཆུ་རྐྱལ་རྒྱག་པ། རྐང་འཁོར་བཞོན་པ་སོགས་ཡིན། འགོག་ཤུགས་ལ་རྒོལ་བའི་འགུལ་སྐྱོད་བྱ་རྒྱུས་གཞོགས་འདེགས་བྱེད་དགོས། དཔེར་ན། ཡ་ལིང་འདེགས་པ་དང་ལྡེམ་ཤུགས་ཐག་འཐེན་སོགས་ཡིན། དུས་ཡུན་རིང་པོར་རྐུབ་བཙུགས་ནས་སྡོད་པའམ་ཡང་ན་ཅོག་ཙེར་སྦྱར་ནས་ལས་ཀ་བྱེད་མཁན་གྱིས་ཆུ་ཚོད་རེར་ཡར་ཐེངས་གཅིག་ལངས་ནས་སྐར་མ་གསུམ་ནས་ལྔ་བར་འགུལ་སྐྱོད་བྱེད་དགོས།
ད་དུང་མི་མི་ཉུང་བ་ཞིག་གིས་སྨན་རྫས་སྤྱོད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མྱུར་དུ་ཤ་སྐམ་རྒྱུའི་རེ་བ་བྱེད་ཀྱི་ཡོད། དེའི་ཐད། རིགས་གཅིག་མཁས་ཅན་གྱིས། ལྗིད་ཚད་ཚད་ལས་བརྒལ་བ་མ་ཟད་ལུས་པོའི་ལྗིད་ཚད་དང་འབྲེལ་བའི་མཉམ་འདུས་ནད་གཞི་སྟེ། དཔེར་ན་ཁྲག་མངར་མཐོ་བ་དང་ཁྲག་ཤེད་མཐོ་བ། ཁྲག་ཚིལ་རྒྱུན་ལྡན་མིན་པ། མཆིན་པ་ཚིལ་འགྱུར་སོགས་ཀྱི་ནད་གཞི་ཡོད་པའི་མི་ཚོགས་ཀྱིས་ངེས་པར་དུ་སྨན་པའི་མཛུབ་ཁྲིད་འོག་སྨན་སྤྱོད་དགོས་པ་མ་ཟད། འཚོ་བ་སྐྱེལ་སྟངས་ལ་འགྱུར་བ་བཏང་ནས་དེར་གཞོགས་འདེགས་བྱེད་དགོས་ཞེས་བསྟན་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།