ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

​▶རྒྱལ་ཁབ་ལ་ངོ་ལོག་བྱེད་མཁན་ཧོང་ཡུས་སྲོག་ཐོག་བཏང་འདུག

2024-04-16 17:22:00     责编:娜科

   སྐད་འཕྲིན་སྤྱི་སྟེགས“རྒྱལ་ཁབ་བདེ་འཇགས་པུའུ”ཞེས་པའི་ཐོག་ཟླ་4པའི་ཚེས་14ཉིན་4·15དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་ཆེད་དོན་གལ་ཆེན《གསར་གཏོད་སྣེ་ཁྲིད་·རྒྱལ་ཁབ་བདེ་འཇགས་ཀྱི་རལ་གྲི》ཞེས་པའི་སྟོད་ཆ་བཏོན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བཏོན་པའི་ལོ་བཅུའི་རིང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་རྩད་ཆོད་པའི་གསང་མྱུལ་གྱོད་གཞི་གལ་ཆེན་བཅུར་ཕྱོགས་བསྡོམས་དང་ཕྱིར་བལྟས་བྱས་ཡོད་ཅིང་། དེའི་ནང“ངོ་ཚ་ཁྲེལ་མེད་ཀྱི་རྒྱལ་ཁབ་ལ་ངོ་ལོག་མཁན་ཧོང་ཡུས་ཀྱི་གྱོད་གཞིའི”འབྲེལ་ཡོད་ཆ་འཕྲིན་ཐེར་འདོན་བྱས་ཡོད། 

 

 

  བརྙན་ཐུང་ལས་མངོན་པར། ཉིན་ཞིག་རྒྱལ་ཁབ་ག་གེ་མོའི་གསང་མྱུལ་གསང་འཕྲིན་ལས་ཁུངས་ཀྱི་ཡོངས་བསྒྲགས་དྲ་ཚིགས་ལ་ཀྲུང་གོ་ནས་བཀུར་བའི་རྒྱབ་བཅོལ་ཆ་འཕྲིན་དུམ་བུ་ཞིག་འབྱོར་བ་དང་ཆབས་ཅིག་ཏུ་ད་དུང་རླབས་ཐུང་གསང་གྲངས་དུམ་བུ་ཞིག་ཀྱང་འབྱོར་ཡོད། གསང་མྱུལ་གསང་འཕྲིན་ལས་ཁུངས་དེས་མགྱོགས་མྱུར་ངོས་འཛིན་བྱས་པ་ལྟར་ན། རླབས་ཐུང་གསང་གྲངས་དེ་ནི་ཀྲུང་གོའི་དམག་དཔུང་གིས་སྤྱོད་པའི་མཐོ་རིམ་གསང་གྲངས་ཤིག་རེད། ལྐོག་གྱུར་གྱི་རྒྱབ་བཅོལ་བྱེད་མཁན་དེ་ནི་ཀྲུང་གོའི་གསང་འབྲེལ་ཚན་ཞིབ་ལས་ཁུངས་ག་གེ་མོ་ཞིག་གི་ལས་དོན་མི་སྣ་ཧོང་ཡུས་ཡིན་པ་རེད། 

བརྙན་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཐེངས་ཤིག་ལས་ཁུངས་བསྒྱུར་བཅོས་བྱེད་སྐབས་བང་གྲལ་མཇུག་ཤོས་ཡིན་པའི་མི་དེ་ལས་ཁུངས་ནས་འབུད་རྒྱུའི་བརྡ་བཏང་ཡོད། སྐབས་དེར་ཧོང་ཡུས་ལ་ལས་སྒུག་བྱ་དགོས་པའི་བརྡ་ཐོ་འབྱོར་བས། ཁོ་པའི་བསམ་པར་འགོ་ཁྲིད་ཀྱིས་རང་ཉིད་ཟུར་འབུད་བྱ་རྩིས་ཡོད་པའི་ངོས་འཛིན་བྱས་ཤིང་། དེར་འཁོན་སེམས་འཆང་སྟེ་རང་ཉིད་ཀྱིས་ཁོང་དུ་ཆུད་པའི་གསང་བ་གཙོ་བོ་བཙོངས་ནས་ལས་ཁུངས་ལ་འཁོན་ལན་སློག་པ་དང་ཆབས་ཅིག་ཁེ་ཕན་འབོར་ཆེན་ལེན་རྒྱུའི་ཐག་བཅད་པ་རེད། 

 

 

ཧོང་ཡུས་ཀྱིས་རྒྱལ་ཁབ་ཀྱི་གསང་འཕྲིན་ལ་བརྟེན་ནས་ཕྱི་རྒྱལ་གྱི་གསང་མྱུལ་གསང་འཕྲིན་ལས་ཁུངས་ཀྱིས་དང་ལེན་བྱས་པ་རེད། ཀྲུང་གོའི་ཤང་ཀང་དང་ཐེ་ལན་གྱི་པང་ཁོག་ཏུ་ཕྱི་རྒྱལ་གྱི་གསང་མྱུལ་གསོ་སྦྱོང་དང་ལེན་བྱས་རྗེས་ཧོང་ཡུས་རྦད་དེ་དགྲ་ལག་ཏུ་ཚུད་པ་དང་། རང་ཉིད་ལས་ཁུངས་སུ་ལས་ཀ་བྱེད་རིང་ཁྲིམས་འགལ་ངང་ཉར་ཚགས་བྱས་པའི་གསང་བ་ཚང་མ་འཚོང་འགོ་ཚུགས་པ་རེད། དེ་བས་མ་རབས་ཐ་ཤལ་དུ་གྱུར་བ་ནི་ཁོ་པས་ད་དུང་ལས་ཁུངས་གཅིག་ཏུ་ལས་ཀ་བྱེད་པའི་ཆུང་མར་མགོ་སྐོར་བཏང་ནས་ཐོབ་ཆ་དེ་བས་མང་བ་རག་ཆེད་དུ་གསང་འབྲེལ་རྒྱུ་ཆ་མཁོ་ཕབ་བྱེད་དུ་བཅུག་ཡོད། 

རང་རྒྱལ་གྱི་ཏང་སྲིད་ལས་ཁུངས་དང་། དམག་དཔུང་། དངུལ་རྩ། གློག་འཕྲིན་སོགས་ལས་རིགས་ཀྱི་གསང་སྲུང་འཕྲིན་གཏོང་དང་ཆ་འཕྲིན་བདེ་འཇགས་ཀྱི་འབྲེལ་ཡོད་གསང་བ་གལ་ཆེན་འདི་ལྟར་ཕྱི་ཕྱོགས་ལ་གྱར་དུ་བཅུག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། 

 

 

གནས་ཚུལ་སྤེལ་བར་གཞིགས་ན།  རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཁྲིམས་ལྟར་ཧོང་ཡུས་ལ་ཉེས་དོན་བཙན་ཐབས་ཀྱི་བྱེད་ཐབས་བཟུང་ཡོད། ཞིབ་བཤེར་བྱས་པ་བརྒྱུད། ཧོང་ཡུས་ཀྱིས་བཙོངས་པའི་གསང་འབྲེལ་ཡིག་ཆ་དང་དཔྱད་གཞིའི་ཡིག་རིགས་ནང་གསང་འཕྲིན་སྒྲིག་ཆས་མ་ལག་གི་ཇུས་འགོད་བསམ་ཕྱོགས་དང་། ལག་རྩལ་དཔྱད་གྲངས། གསང་བའི་རྩི་ཐབས།  ཁུངས་ཀྱི་བྱ་རིམ། ཁུངས་ཀྱི་ཚབ་རྟགས་སོགས་ལྟེ་བའི་གསང་བ་ཚུད་ཡོད་པ་དང་གྲངས་འབོར་ཧ་ཅང་ཆེ་བས་མི་རྣམས་ཧ་ལས་ཧང་སངས་དགོས་པ་ཞིག་ཡོད། 

2016ལོའི་ཟླ་5པར་ཧོང་ཡུས་སྲོག་ཐོག་བཏང་བ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ཟླ་བ་ཚེ་རིང་།

སྒྲིག་སྒྱུར། འབྲུག་འཚོ་སྐྱིད།

中央广播电视总台 央广网 版权所有

​▶རྒྱལ་ཁབ་ལ་ངོ་ལོག་བྱེད་མཁན་ཧོང་ཡུས་སྲོག་ཐོག་བཏང་འདུག