ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

དཀའ་གནད་ལ་འགྲན་སློང་བྱས་ནས་རྒྱུན་མཐུད་རྩེ་གྲ་བཏོད་པ།

2021-12-08 10:16:00     责编:sangjzm

—— མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་གླེང་བ།

གོང་གི་པར་རིས་ནི་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུའི་ནང་བརྒྱབ་པའི་མཚོ་བོད་ལམ་ཐིག་ལ་རྩད་ཞིབ་ཐིག་ལེན་བྱེད་པའི་དཔྱད་གཞིའི་པར་རིས་ཡིན་པ། འོག་གི་པར་རིས་ནི་2006ལོའི་ཟླ་7ཚེས་1ཉིན། མཚོ་བོད་ལྕགས་ལམ་ཧྲིལ་པོ་ཤར་གཏོང་ཐུབ་རྗེས“མཚོ་སྔོན་ཨང་དང་པོ”རྟགས་ཅན་གྱི་མེ་འཁོར་གོར་མོ་ནས་ཐོན་ཏེ་ས་བབ་མཐོ་ཚད་སྨི་4767ཡོད་པའི་ཁུ་ནུ་རི་བོའི་ཉག་ཁ་བརྒྱུད་དེ་སྐྱོད་བཞིན་པ།

ལོ་70ཡི་གོང་། ཀྲུང་གོ་གསར་པས་རྔ་མོང་ཁྲི་4ལྷག་ཙམ་ལ་ཁལ་བཀལ་དེ་བོད་དུ་དངོས་ཟོག་དབོར་ཞིང་། ཆ་སྙོམས་སྤྱི་ལེ་1རེ་བསྐྱོད་མཚམས་སུ“བྱེ་ཐང་གི་གྲུ་གཟིངས”12རེ་ཤི་ཡི་ཡོད་པ་རེད།

ད་ཆ་ལེ་དབར་སྟོང་གི་སར་ངར་ལྕགས་ཀྱི“མཁའ་ལམ”ཞིག་བསྐྲུན་པས་ཉིན་མཚན་གཅིག་གི་ནང་མེ་འཁོར་བདེ་བླག་ངང་གངས་ལྗོངས་ས་མཐོར་འབྱོར་ཐུབ་ཀྱི་ཡོད།

མུ་མཐའ་མེད་པའི་གངས་ལྗོངས་དང་བརྗིད་ཆགས་པའི་ཁུ་ནུ་རི་བོས་འཛམ་གླིང་གི་ལྕགས་ལམ་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་ངོ་མཚར་ལ་བདེན་དཔང་བྱས་ཡོད། མཚོ་བོད་ལྕགས་ལམ་བསྐྲུན་པ་ལས“དཀའ་གནད་ལ་འགྲན་སློང་བྱས་ནས་རྒྱུན་མཐུད་རྩེ་གྲ་གཏོད་པའི”མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དར་བ་རེད།

2020ལོའི་ཟླ་བཅུ་གཅིག་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ཐད་མཛུབ་སྟོན་གལ་ཆེན་གནང་ནས། རྒྱ་ཆེའི་ལྕགས་ལམ་འཛུགས་སྐྲུན་པས“ལམ་གཉིས”ཀྱི་སྙིང་སྟོབས་དང་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཚན་རིག་དང་མཐུན་པར་ཨར་རྒྱག་དང་། བདེ་འཇགས་ཨར་རྒྱག ལྗང་མདོག་ཨར་རྒྱག་བཅས་བྱས་ཏེ་ལས་གྲྭ་འཛུགས་སྐྲུན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

རྒྱལ་གཅེས་ལེགས་སྐྱེས་ཕུལ། དཀའ་གནད་ལ་འགྲན་སློང་བྱས།

“ཁུ་ནུ་རི་རྒྱུད་ཡོད་པས་ལྕགས་ལམ་ནམ་ཡང་ལྷ་སར་ཁྲིད་མི་ཐུབ” དུས་རབས་ཉི་ཤུ་པར་ཨ་རིའི་ཡུལ་སྐོར་བ་པའོ་ལུའོ·ཐའེ་ལུའུ་ཡིས《ཀྲུང་གོར་ཡུལ་སྐོར་བྱེད་པ》ཞེས་པའི་དེབ་ནང་དེ་ལྟར་བྲིས་ཡོད།

ལོ་རྒྱུས་ཀྱིས་ཀྱང་ཆོད་གཏམ་དེ་ར་སྤྲོད་བྱེད་བཞིན་ཡོད་པ་འདྲ།

1958ལོའི་ཟླ་དགུ་པར། མཚོ་བོད་ལྕགས་ལམ་ཟི་ལིང་ནས་གོར་མོ་བར་གྱི་དུམ་བུ་སྐྲུན་འགོ་ཚུགས་པ་དང་ཆབས་ཅིག་གོར་མོ་ནས་ལྷ་ས་བར་གྱི་དུམ་བུར་ཡང་གཞི་ཁྱོན་ཆེ་བའི་རྩད་ཞིབ་ཐིག་ལེན་བྱེད་འགོ་ཚུགས། འོན་ཀྱང་འཛུགས་སྐྲུན་དུས་ཚོད་ཕྱིར་འགྱངས་དང་། ལས་མཚམས་བཞག་པ། བསྐྱར་སྐྲུན་སོགས་བྱས་པ་བརྒྱུད་མཐར་ཟི་ལིང་ནས་གོར་མོ་བར་གྱི་ལམ་དུམ་1984ལོར་གཞི་ནས་བསྐྲུན་ཟིན་ཏེ་མེ་འཁོར་ཤར་གཏོང་ཐུབ་པ་རེད། ཡིན་ནའང་རང་བྱུང་ཁོར་ཡུག་ཞན་པ་དང་དཔལ་འབྱོར་སྟོབས་ཤུགས་སོགས་ཀྱི་རྒྱུ་རྐྱེན་མང་པོས་གོར་མོ་ནས་ལྷ་ས་བར་གྱི་དུམ་བུ་སྐྲུན་མཚམས་མི་འཇོག་ཐབས་མེད་བྱུང་།

གྲངས་གཞི་ཁག་རེ་རེའི་ནང་འཁོད་པའི་ཡིད་སྐྱོ་ཞིང་ཡ་ང་བའི་གནས་ཚུལ་གྱིས“སྲོག་གནས་དཀའ་ཁུལ”ཞེས་པ་ཡང་སྙིང་ཇི་འདྲ་ཞིག་ཡིན་པ་འགྲེལ་བཤད་བརྒྱབ་ཡོད་པ་སྟེ། 1953ལོར་མཚོ་བོད་གཞུང་ལམ་སྐྲུན་སྐབས་ཆ་སྙོམས་སྤྱི་ལེ་1རེ་བསྐྲུན་ཚེ་མི་1རེ་རྐྱེན་ལམ་དུ་ཤོར་བ་དང་། 1985ལོར་གཞུང་ལམ་རྒྱས་སྐྲུན་བྱེད་སྐབས་བཟོ་སྐྲུན་སྡེ་ཚན་ཞིག་གིས་ཟླ་བ་གསུམ་ནང་གཟེར་འཇགས་སྨན་གཅིག་པུ་རིལ་བུ་ཁྲི་13བཟས་པ། ས་བབ་མཐོ་ཚད་སྨི་4000ཡན་ཟིན་པའི་ལམ་ཐིག་སྤྱི་ལེ་960ལས་བརྒལ་ཞིང་། གནམ་གཤིས་གྲང་ཤོས་སྐབས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་40ཟིན་པ་སོགས་སོ།

2001ལོའི་ཟླ་6ཚེས་29ཉིན། རིགས་སྒྲུབ་ཁུངས་སྐྱེལ་ཐེངས་མང་བྱས་པ་བརྒྱུད། མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་བར་གྱི་དུམ་བུ་དངོས་སུ་སྐྲུན་འགོ་ཚུགས། ལམ་བཟོ་བ་ཁྲི་བཅུ་ཡིས་སྤོབས་སེམས་ཆེན་པོ་བཅངས་ནས“རྒྱལ་ཁབ་ཀྱི་རྩ་བ་འཛུགས། གསེར་གྱི་ཟམ་པ་སྐྲུན། རྒྱལ་ཁབ་ཀྱི་ཟིལ་ཤུགས་སྤེལ། མཐུན་སྒྲིལ་ལ་སྐུལ་འདེད་གཏོང”ཞེས་པའི་དར་ཆ་མཐོན་པོར་བསྒྲེངས་ཏེ་བློ་བརྟན་འགྱུར་མེད་ངང“སྲོག་གནས་དཀའ་ཁུལ”དུ་བསྐྱོད་པ་རེད།

ལྕགས་ལམ་སྐྲུན་དུས་ཡང་སྙིང་དཀའ་ངལ་ཇི་འདྲ་བརྒྱུད་ཡོད་དམ་ཞེ་ན།

སྐབས་དེ་དུས་ཀྱི་ཀྲུང་གོ་ལྕགས་ལམ་ཅུས་དང་པོ་མཚོ་བོད་ལྕགས་ལམ་སྒྲོམ་འདིང་རུ་ཁག་གི་རུ་དཔོན་ལི་ཅན་གོ་ཡིས། ས་བབ་མཐོ་ཚད་སྨི་4000ཡན་གྱི་ས་ཆར་སྒྲོམ་གཞི་འདིང་སྐབས་བཟོ་པ་ཚོས་བལ་སྐུད་ཀྱིས་བསླས་པའི་སྟོད་གོས་དང་དོར་མ་ཉིས་བརྩེགས་གྱོན་པའི་ཁར་ལུག་ལྤགས་ཀྱིས་བཟོས་པའི་སྟོད་གོས་དང་དོར་མ་གྱོན་ཡང་ད་དུང་འཁྱག་གི་ཡོད། ལས་ཡུལ་དུ་འཕྲུལ་ཆས་ཉམས་གསོ་བྱེད་སྐབས་གཅུས་གཟེར་གཉིས་ཀྱང་བཤིག་མི་ཐུབ་པར་འཁྱགས་དྲགས་ནས་སྐར་མ་བཞི་ལྔའི་ནང་མི་བརྗེ་པོ་རྒྱག་དགོས་ཞེས་དྲན་གསོ་བྱས་པ་རེད།

“དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག རླུང་འཚུབ་ཆེ་ལ་སྙིང་སྟོབས་དེ་བས་ཆེ། གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས། ས་བབ་མཐོ་ལ་ཚད་གཞི་དེ་བས་མཐོ”ལྕགས་ལམ་འཛུགས་སྐྲུན་པས་མི་རྣམས་ཧང་སངས་དགོས་པའི་སྙིང་རུས་དང་བློ་སྟོབས་ལ་བརྟེན་ནས་གྲང་ངར་དང་། ཁ་བ་བུ་ཡུག གསོ་རླུང་དཀོན་པ་བཅས་ལ་མ་འཛེམས་པར་ཚེ་སྲོག་གི་དཀའ་གནད་ལ་འགྲན་སློང་བྱས་པ་རེད།

ལོ་ལྔ་ཡི་རིང་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད་གངས་ལྗོངས་ས་མཐོར་ལྕགས་ལམ་བསྐྲུན་པ་རེད།

2006ལོའི་ཟླ་7ཚེས་2ཉིན་གྱི་དགོང་མོའི་ཆུ་ཚོད་12དང་སྐར་མ་31ལ་གོར་མོ་ནས་ཐོན་པའི“མཚོ་སྔོན་ཨང་དང་པོ”རྟགས་ཅན་གྱི་བོད་སྐྱོད་མེ་འཁོར་ཐོག་མ་དེ་ལྷ་ས་མེ་འཁོར་འབབ་ཚུགས་སུ་འབྱོར་པ་དང་ཆབས་ཅིག ཀྲུང་གོས་འཛམ་གླིང་ལ་ལྷ་ས་བར་དུ་ལྕགས་ལམ་བསྐྲུན་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།

འགག་སྒྲོལ་དཀའ་སེལ་བྱས་ནས་རྒྱུན་མཐུད་རྩེ་གྲ་བཏོད་པ།

བ་ཡན་མདུང་རྩེ་ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྨི་1338དང་ལྕགས་ལམ་ངོས་ཀྱི་ས་བབ་མཐོ་ཚད་ལ་སྨི་4900ཙམ་ཡོད་པ་དང་ཚང་མ་གཏན་འཇགས་རང་བཞིན་གྱི་ས་མཐོའི་འཁྱག་སའི་བང་རིམ་ནང་གནས་ཡོད། དེ་ལྟ་བུའི་ས་གཤིས་ཁོར་ཡུག་ནི་ཕུག་ལམ་ཨར་སྐྲུན་གྱི“བཀག་སྡོམ་ཁུལ”དུ་བརྩི་ཡི་ཡོད།

“ས་མཐོའི་འཁྱག་སའི་ཨར་ལས་ཀྱི་འགག་རྩ་ནི་དྲོད་ཚད་ཚོད་འཛིན་བྱ་རྒྱུར་ཐུག་ཡོད། དྲོད་ཚད་དམའ་དྲགས་ན་ཨར་འདམ་མཁྲེགས་པོ་ཆགས་མི་ཐུབ་པ་དང་དྲོད་ཚད་མཐོ་དྲགས་ན་མཐའ་འཁོར་བྲག་རྡོ་ཡང་བཞུས་ནས་ཕུག་ལམ་གྱི་གྱང་ངོས་རྡིབ་ཉེན་ཆེ”ཞེས་སྐབས་དེ་དུས་ཀྱི་བ་ཡན་མདུང་རྩེ་ཕུག་ལམ་སྔོག་འདོན་རུ་ཁག་གི་རུ་དཔོན་རེན་ཧྲའོ་ཆང་གིས་བཤད།

རྒྱལ་ཁབ་ཕྱི་ནང་དུ་ཐད་ཀར་སྤྱོད་ཆོག་པའི་བྱང་ཆུབ་པའི་ཉམས་མྱོང་མེད་སྟབས། རྒྱ་ཆེའི་ཚན་རྩལ་ལས་དོན་པ་དང་འཛུགས་སྐྲུན་པས་རང་སྟོབས་རང་སྤེལ་དང་རང་བརྟེན་གསར་གཏོད་བྱས་ཏེ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཕུག་ལམ་གྱི་དྲོད་སྙོམས་འཕྲུལ་འཁོར་ཆེ་གྲས་གཉིས་ཞིབ་བཟོ་བྱས་ནས་ཕུག་ལམ་གྱི་ཨར་སྐྲུན་དྲོད་ཚད་ཁྱབ་ཁོངས་ངེས་ཅན་ནང་གནད་སྨིན་ཚོད་འཛིན་བྱས་ཏེ་སྔོག་འདོན་གྱི་དགོས་མཁོ་འགན་ལེན་བྱས་པ་རེད།

འཛམ་གླིང་རང་བཞིན་གྱི་ས་མཐོའི་འཁྱག་སའི་ཨར་ལས་ཀྱི་དཀའ་གནད་20ལྷག་ཙམ་གཅིག་རྗེས་གཉིས་མཐུད་ངང་བསལ་བ་དང་། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ལྕགས་ལམ་ཕུག་ལམ་བ་ཡན་མདུང་རྩེར་བསྐྲུན་པ་དེས་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གྱིས“མཚོ་བོད་ལྕགས་ལམ་བ་ཡན་མདུང་རྩེར་སྒྲོལ་མི་ཐུབ”ཅེས་བཤད་པ་དེ་རྩིས་མེད་དུ་བཏང་བ་རེད།

མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པ་དང་། ལོ་མང་རིང་ས་འཁྱགས་ཐེབས་པ། སྐྱེ་ཁམས་ཉམས་ཞན་བཅས་ནི་འཛམ་གླིང་རང་བཞིན་གྱི་ལས་གྲྭའི་དཀའ་གནད་ཆེན་པོ་གསུམ་ཡིན་པ་དང་། དེ་ནི་ཁོར་ཡུག་ཞན་པོ་དང་འཐབ་རྩོད་བྱས་པ་ཞིག་དང་ལག་རྩལ་གྱི་འཇུར་མིག་ལ་འགྲན་སློང་བྱས་པ་ཞིག་རེད་ལ། སྙིང་སྟོབས་ཀྱི་ཞུན་བརྡར་ཞིག་དེ་བས་ཀྱང་ཡིན་པ་རེད།

—— མཐོ་ཞིང་གྲང་བ་ལས་རྣམ་པར་རྒྱལ་བ། ལྕགས་ལམ་ལམ་རྒྱུད་དུ་ཆ་སྙོམས་སྤྱི་ལེ་10ཡང་མ་ཟིན་པར་སྨན་ཁང་གཅིག་ཡོད་པ་དང་བཟོ་པར་ནད་ཕོག་ཚེ་ཆུ་ཚོད་ཕྱེད་ཀའི་ནང་སྨན་བཅོས་ནུས་ལྡན་ཐུབ་ཀྱི་ཡོད། བ་ཡན་མདུང་རྩེར་འཛམ་གླིང་ཐོག་གི་ས་མཐོའི་གསོ་རླུང་བཟོ་ཁང་ཆེ་གྲས་དང་པོ་དེ་བསྐྲུན་ནས་འཛམ་གླིང་གི་ས་བབ་མཐོ་སར་གསོ་རླུང་བཟོ་བའི་ལག་རྩལ་གྱི་སྟོང་ཆ་བསྐངས་ཡོད།

—— འཁྱག་ས་ལས་རྣམ་པར་རྒྱལ་བ། ལྕགས་ལམ་ལམ་རྒྱུད་དུ་ལོ་མང་བསྟུད་མར་འཁྱག་སའི་ཁུལ་སྤྱི་ལེ་550ཟིན་ཞིང་། “འཁྱག་སའི་ལག་རྩལ་ཁོང་དུ་ཆུད་པ་བྱ་རྒྱུ་ནི་མཚོ་བོད་ལྕགས་ལམ་ལས་གྲྭའི་འགག་རྩ་ཡིན”ཞེས་སྐབས་དེ་དུས་ཀྱི་མཚོ་བོད་ལྕགས་ལམ་གྱི་སྤྱི་ཁྱབ་ཇུས་འགོད་པ་ལི་ཅིན་ཁྲེང་གིས་ངོ་སྤྲོད་བྱས།

—— སྐྱེ་ཁམས་སྲུང་སྐྱོང་བྱས་པ། མཚོ་བོད་ས་མཐོའི་ཉམས་ཞན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་ཆེད་ཁོར་ཡུག་སྲུང་སྐྱོང་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་15ཙམ་བཏང་ཡོད། ཚན་ཞིབ་མི་སྣས“ས་མཐོའི་འཁྱག་སའི་ཁུལ་གྱི་སྔོ་ཁེབས་སླར་གསོ་དང་བསྐྱར་སྐྲུན”གྱི་ཞིབ་འཇུག་བྱས་ནས་ལྕགས་ལམ་ལ་སྤྱད་པའི་ས་ཆར་ཚོད་འདེབས་བྱས་པའི་རྩི་ཤིང་གི་གསོན་ཚད་70%ལྷག་ཙམ་ཟིན་པ་དེ་རང་བྱུང་གི་གསོན་ཚད་ལས་ལྡབ་གཅིག་ལྷག་ཙམ་གྱིས་མཐོ་བ་ཡོད་པ་རེད། 2008ལོར་མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་བར་གྱི་དུམ་བུའི་ལས་གྲྭར“རྒྱལ་ཁབ་ཁོར་ཡུག་མཛའ་གྲོགས་ལས་གྲྭ”ཞེས་པའི་བྱ་དགའ་ཐོབ་པ་རེད།

བརྟག་ཞིབ་ཇུས་འགོད་རྩེ་གྲ་དང་། ཨར་སྐྲུན་ལག་རྩལ་རྩེ་གྲ ལས་གྲྭའི་སྤུས་ཚད་རྩེ་གྲ དོ་དམ་རྩེ་གྲ ཞབས་ཞུའི་ཆུ་ཚད་རྩེ་གྲ་སོགས་མཚོ་བོད་ལྕགས་ལམ་གྱིས“རྩེ་གྲ”མང་པོའི་ཐོག་ནས་འཛམ་གླིང་ལྕགས་ལམ་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་ངོ་མཚར་བཏོད་ཡོད།

རྒྱུན་མཐུད་འབད་འཐབ་བྱས་ཏེ་ཡང་རྩེར་བསྐྱར་དུ་འཛེགས་པ།

“མཁའ་ལམ”དེས་གངས་ལྗོངས་ཕྱི་ནང་སྦྲེལ་མཐུད་བྱས་པ་དང་སྙིང་སྟོབས་དེ་འདས་ཟིན་པ་དང་འབྱུང་འགྱུར་ལ་ཁྱབ་ཡོད།

འཛམ་གླིང་ལྕགས་ལམ་གྱི་ས་ཆ་མཐོ་ཤོས་གདང་ལ་ས་ཁུལ་དུ་བདག་སྐྱོང་བཟོ་པ་ཡུས་པུན་པོ་ཡིས་གོར་མོ་ནས་ལྷ་སའི་དུམ་བུ་བར་མེ་འཁོར་ཤར་གཏོང་ཐུབ་ཚུན་དེར་བརྟན་སྲུང་བྱས་ནས་བསྡད། “གོམ་པའང་སྤོ་དཀའ་བའི”ཁོར་ཡུག་ཁྲོད་ཁོང་གིས་ཉིན་ལྟར་ཉུང་མཐར་ཡང་སྤྱི་ལེ་10བསྐྱོད་དེ་ཞིབ་བཤེར་བྱེད་ཀྱི་ཡོད།

ལོ་བཅུ་གྲངས་རིང་ཉིན་གཅིག་ལྟར་ཞིབ་བཤེར་བྱས་ནས་སླ་བཅོས་སྤུ་ཙམ་ཡང་མེད་པར་ལྕགས་ལམ་སྲུང་སྐྱོང་ཧུར་ཐག་བྱེད་ཀྱི་ཡོད། “ཁ་བ་བུ་ཡུག་ལ་མི་སྐྲག་པའི་ལམ་རྡོ་ཞིག་ཏུ་འགྱུར་རྒྱུར་འབད་བརྩོན་བྱེད་ཀྱི་ཡིན”ཞེས་ཡུས་པུན་པོས་བཤད།

བརྡ་རྟགས་འཕྲུལ་ཆས་སྤར་ནས་མེ་འཁོར་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན། བོད་ཀྱི་ལྕགས་ལམ་གྱི་བོད་རིགས་ལས་བཟོ་མི་རབས་དང་པོ་ཡིན་པའི་བུ་བཟང་གིས“མཁའ་ལམ”གྱི་བརྡ་རྟགས་སྒྲིག་ཆས་ལོ་15སྲུང་སྐྱོང་བྱས་ཡོད། “མཚོ་བོད་ལྕགས་ལམ་གྱིས་ངའི་ཕ་ཡུལ་ལ་བདེ་སྐྱིད་བསྐྲུན་པ་དང་འདི་གའི་བཟོ་པ་ཞིག་བྱེད་ཐུབ་པ་ནི་ངའི་ཚེ་གང་གི་གཟི་བརྗིད་ཡིན”ཞེས་བཤད།

སྙིང་སྟོབས་རྒྱུན་འཛིན་བྱས་པར་བརྟེན་ནམ་ཡང་ཉམས་པ་མེད། ལྕགས་ལམ་འཛུགས་སྐྲུན་པ་མི་རབས་ནས་མི་རབས་བར་གྱིས་དཀའ་གནད་ལ་འགྲན་སློང་དང་རྒྱུན་མཐུད་རྩེ་གྲ་གཏོད་ཕོད་པའི་སྙིང་སྟོབས་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་ཡོད།

2020ལོའི་ཟླ་11ཚེས་8ཉིན། ཁྲོན་བོད་ལྕགས་ལམ་གཡག་རྔ་ནས་ཉིང་ཁྲི་བར་གྱི་དུམ་བུ་སྐྲུན་འགོ་ཚུགས་པ་དང་ངར་ལྕགས་ཀྱི“མཁའ་ལམ”གཞན་ཞིག་གངས་ལྗོངས་ས་མཐོར་ཤར་གཏོང་ཐུབ་རྒྱུ་རེད། གསར་དུ་སྐྲུན་བཞིན་པའི“མཁའ་ལམ”དེའི་རིང་ཚད་ལ་སྤྱི་ལེ་1011དང་། སྤྱི་ལེ་30ཡན་གྱི་ཕུག་ལམ་6 སྨི་100ལས་བརྒལ་བའི་ཟམ་ཆེན་9བཅས་ཡོད་པས་ཨར་སྐྲུན་གྱི་དཀའ་གནད་ནི་འཛམ་གླིང་ཐོག་མཐོང་དཀོན་པ་ཞིག་རེད།

“དགུ་བཅུའི་ནང་སྐྱེས”ཀྱི་ཕོ་གཞོན་ཀྲའོ་ཝུའེ་ཤིན་ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུའི་རྫམ་ཟམ་ཆེན་སྐྲུན་པའི་ནང་ཞུགས་པ་དང་གོམ་སྟབས་རྗེས་མར་ཁྲོན་བོད་ལྕགས་ལམ་གཡག་རྔ་ནས་ཉིང་ཁྲི་བར་གྱི་དུམ་བུའི་འཛུགས་སྐྲུན་ནང་ཞུགས་རྒྱུ་རེད།

“རྒན་རབས་ཚོའི་སྙིང་སྟོབས་ལས་ང་ཚོར་ཐོག་མཐའ་བར་གསུམ་དུ་སྐུལ་མ་ཆེན་པོ་ཐེབས་ནས་ང་ཚོར་ས་མཐོའི་ལྕགས་ལམ་འཛུགས་སྐྲུན་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཡིད་ཆེས་དང་ཆོད་སེམས་ཆེན་པོ་ཡོད”ཅེས་བཤད།

གངས་ལྗོངས་ས་མཐོའི་རྣམ་པར་བཀྲ་བའི་སྐར་ཚོགས་ཀྱིས་ལྕགས་ལམ་འཛུགས་སྐྲུན་པ་ཚོའི་འབད་འཐབ་ཀྱི་གོམ་སྟབས་ལ་སླར་ཡང་བདེན་དཔང་བྱས། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཁོང་ཚོས་མུ་མཐུད་ངོ་མཚར་གསར་པ་གཏོད་ངེས་རེད།

2021ལོའི་ཟླ་6ཚེས་25ཉིན། ལམ་ཐིག་ཧྲིལ་པོར་སྤྱི་ལེ་435དང་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་160ཟིན་པའི་ལྷ་ཉིང་ལྕགས་ལམ་སྟེ་བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་བསྐྲུན་ཟིན་ནས་ཤར་གཏོང་ཐུབ་སྟེ་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་31ཚང་མར་བསྐྱར་དར་རྟགས་ཅན་གྱིས་ཁྱབ་ཅིང་། འདི་ནི་ཟླ་6ཚེས་25ཉིན་མེ་འཁོར་ཞབས་ཞུ་མས་བསྐྱར་དར་རྟགས་ཅན་གཏོང་ཐེངས་དང་པོར་སྡོད་མཁན་འགྲུལ་པར་འཐུང་བྱ་སྤྲོད་བཞིན་པ།

འཛམ་གླིང་སྐར་ཁུངས།

▶རྒྱ་གར་དུ་དྲག་ཆར་གྱིས་མི་138ཙམ་རྐྱེན་ལམ་དུ་ཤོར་འདུག

རྒྱ་གར་ནུབ་རྒྱུད་ཀྱི་མ་ཧ་ལ་ཐུའོ་ཐེ་ལ་མངའ་སྡེའི་སྲིད་གཞུང་གི་དཔོན་རིགས་ཀྱིས་སྤྱི་ཚེས་24ཉིན་བརྗོད་པ་ལྟར་ན། དྲག་ཆར་གྱིས་མངའ་སྡེ་དེར་ཉུང་

中央广播电视总台 央广网 版权所有

དཀའ་གནད་ལ་འགྲན་སློང་བྱས་ནས་རྒྱུན་མཐུད་རྩེ་གྲ་བཏོད་པ།

ལོ་70ཡི་གོང་། ཀྲུང་གོ་གསར་པས་རྔ་མོང་ཁྲི་4ལྷག་ཙམ་ལ་ཁལ་བཀལ་དེ་བོད་དུ་དངོས་ཟོག་དབོར་ཞིང་། ཆ་སྙོམས་སྤྱི་ལེ་1རེ་བསྐྱོད་མཚམས་སུ“བྱེ་ཐང་གི་གྲུ་གཟིངས”12རེ་ཤི་ཡི་ཡོད་པ་རེད།