ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བོད་ལུགས་གསོ་རིག་ལས་ལ་གཞོལ་བའི་སྨན་པ་པའེ་ཧྲུའུ་ཅུན།

2024-04-23 09:33:00     责编:卓玛才让

     སྲོལ་རྒྱུན་བོད་ལུགས་གསོ་རིག་ལེགས་པར་སྦྱོང་བ་དང་ལེགས་པར་སྤྱོད་པའི་བརྒྱུད་རིམ་འདི་ནི་དཀའ་ཚེགས་ཆེ་ཞིང་སྤོབས་པ་སྐྱེད་འོས་པ་ཞིག་རེད། ད་ལོ་དགུང་ལོ་51ཕེབས་ཤིང་། བོད་ལུགས་གསོ་རིག་ནད་ཐོག་ལག་ལེན་གྱི་ཕྱག་ལས་གནང་ནས་ལོ་31སོང་བའི་པའེ་ཧྲུའུ་ཅུན་ནི་ལན་ཀྲུའུ་མཐོ་གསར་ཁུལ་གྱི་ལན་ཀྲུའུ་ཆི་ཀྲེང་ཀྲུང་ལུགས་བོད་ལུགས་སྨན་ཁང་གི་ལས་དོན་འགོ་འཛིན་ཡིན། ཉེ་ཆར་ཁོང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། མིག་སྔའི་སྲོལ་རྒྱུན་བོད་ལུགས་གསོ་རིག་གི་རྒྱུན་འཛིན་དང་གོང་འཕེལ་སྐོར་གླེང་བ་སྟེ། གནའ་ལུགས་ལ་བརྩི་སྲུང་ཞུ་བ་དང་དྲང་སྲུང་གསར་གཏོད་བྱས་ན། བོད་ལུགས་གསོ་རིག་ད་གཟོད་མ་ཉམས་གོང་འཕེལ་གོང་འཕེལ་ཡོང་ཐུབ་ཅེས་གསུངས་པ་རེད།

     ད་བར་ལོ་ངོ་3800ལྷག་གི་ལོ་རྒྱུས་ལྡན་པའི་བོད་ལུགས་གསོ་རིག་ལ་དམིགས་བསལ་གྱི་གྲུབ་སའི་ཁོར་ཡུག་དང་ཁྱད་ལྡན་གྱི་སྨན་རྒྱུ་ཡོད་ལ། ལག་ལེན་ཁྲོད་ནས་རྒྱུན་འཛིན་དང་གསར་གཏོད་ཐུབ་ཡོད། མིག་སྔའི་བར་སླེབས་སྐབས། བོད་ལུགས་གསོ་རིག་ཉིད་ཆ་ཚང་ཞིང་ཚན་རིག་དང་མཐུན་པའི་སྒོ་ནས་གསོ་རིག་མ་ལག་ཅིག་ཏུ་འཕེལ་རྒྱས་སུ་ཕྱིན་ཡོད།

     ཀན་སུའུ་སུའུ་ནན་ཡུལ་ཀུའུ་རིགས་རང་སྐྱོང་རྫོང་མ་ཐི་བོད་རིགས་ཤང་ནས་ཡོང་བའི་པའེ་ཧྲུའུ་ཅུན་ཆུང་དུས་ནས་བཟུང་བོད་ལུགས་གསོ་རིག་ལ་དགའ་སྣང་ཆེན་པོ་སྐྱེ་ཤིང་། ཁོང་གིས་ཆུང་བྱིས་པའི་དུས་ནས་རྒྱུན་པར་གྲོང་ཚོའི་ནང་གི་བོད་ཀྱི་སྨན་པ་རྒན་གྲས་ཀྱིས་གྲོང་མིར་རྩ་བརྟག་པར་ལྟ་རྒྱུར་ཧ་ཅང་དགའ་པོ་བྱེད་ཚུལ་ཕྱིར་དྲན་གནང་བ་རེད། པའེ་ཧྲུའུ་ཅུན་གྱིས། སྐབས་དེར་བོད་ཀྱི་སྨན་པས་ནད་པར་སྨན་བཅོས་བྱ་ཐབས་རིགས་སྣ་ཚོགས་སྤྱད་དེ་ས་གནས་འདི་གའི་ནད་པ་མང་པོ་ནད་གཞི་བཅོས་གནང་བས། ངས་གསོ་བ་རིག་པ་སྦྱོང་རྒྱུའི་སེམས་ཐག་བཅད་པ་ཡིན་ཞེས་བརྗོད།

     1993ལོར་པའེ་ཧྲུའུ་ཅུན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭའི་བོད་ལུགས་གསོ་རིག་ནད་ཐོག་ལག་ལེན་སྡེ་ཁག་ནས་སློབ་མཐར་ཕྱིན་རྗེས། སྔ་རྗེས་སུ་སུའུ་ནན་རྫོང་བོད་སྨན་ཁང་དང་པེ་ཅིང་ཙོང་ཁ་བོད་སྨན་ཁང་། རྨ་ཆུ་རྫོང་བོད་སྨན་ཁང་བཅས་སུ་ལས་གཉེར་གནང་ཞིང་། སྔོན་ཆད་ཐེངས་མང་པོར་ཀན་ལྷོ་བསང་ཆུའི་བླ་བྲང་དགོན་པའི་བོད་སྨན་ཁང་དང་། བོད་རང་སྐྱོང་ལྗོངས་བོད་སྨན་ཁང་དུ་ཟབ་སྦྱོང་གནང་མྱོང་བ་མ་ཟད། ལན་ཀྲུའུ་རུ་བོད་ལུགས་གསོ་རིགས་སྒོ་བསྟེན་སྨན་ཁང་བཙུགས་མྱོང་ཡོད།

     པའེ་ཧྲུའུ་ཅུན་གྱིས་ད་ལྟ་རྒྱལ་ནང་གི་མི་སྔར་ལས་མང་བས་བོད་ལུགས་གསོ་རིག་ལ་རྒྱུས་ལོན་བྱེད་པ་དང་སྨན་བཅོས་བྱ་ཐབས་གདམ་ག་གནང་བཞིན་པ་མ་ཟད། རྒྱལ་ཁབ་ཕྱིའི་ནད་པ་མང་པོས་ཀྱང་སྙན་པའི་གྲགས་པ་ཐོས་ནས་བོད་སྨན་གྱི་བྱ་ཐབས་སྤྱོད་དུ་འོང་བཞིན་འདུག་པས་ང་རང་ལ་དགའ་སྣང་ཆེན་པོ་སྐྱེད་བྱུང་ཞེས་བརྗོད།

     ཁོང་གིས། ང་རང་ནས་པེ་ཅིང་ཙོང་ཁ་བོད་སྨན་ཁང་དུ་ལས་གཉེར་བྱེད་སྐབས། དུས་རྒྱུན་དུ་ཨུ་རུ་སུ་དང་དབྱིན་ཇི། ཧྥ་རན་སི། རྒྱ་གར་བཅས་ནས་ཕེབས་པའི་ནད་པ་མཐོང་ཐུབ། ཁོང་ཚོས་རང་རྒྱལ་ནས་བོད་ལུགས་གསོ་རིག་དང་འབྲེལ་བའི་ངོ་སྤྲོད་མཐོང་བ་དང་། བོད་ལུགས་གསོ་རིག་གི་ཁྱད་ལྡན་བཅོས་ཐབས་ལ་ཡ་མཚན་སྐྱེས་པས་ཡོང་བ་ཡིན་ཞིང་། ད་དུང་ལ་ལ་ནི་བོད་ལུགས་གསོ་རིག་ལ་རྒྱུན་ལོན་ངེས་ཅན་ཡོད་པའི་མཐོ་རིམ་སློབ་གྲྭའི་སློབ་འགྲིམ་སློབ་མ་རེད་འདུག་ཅེས་གསུངས་པ་རེད།

     སྔོན་ཆད་བོད་སྨན་སྟོན་པར་ཡོང་མཁན་མང་ཆེ་བ་ནི་བོད་རིགས་ནད་པ་ཡིན་ཞིང་། ད་ལྟ་སྨན་པ་སྟོན་དུ་ཡོང་མཁན་རྒྱ་རིགས་དང་ཧུའེ་རིགས། སོགས་རིགས་བཅས་ཀྱི་ནད་པའང་ཇེ་མང་ནས་ཇེ་མང་འགྲོ་བཞིན་ཡོད། བོད་སྨན་གྱིས་མི་སྔར་ལས་མང་པོའི་སྡུག་བསྔལ་སེལ་བ་མཐོང་སྐབས། པའེ་ཧྲུའུ་ཅུན་ལ་དགའ་སྤྲོ་བླ་ལྷག་ཏུ་སྐྱེས་བཞིན་མཆིས།

     པའེ་ཧྲུའུ་ཅུན་གྱིས་བོད་ལུགས་གསོ་རིག་རྒྱུན་འཛིན་ལེགས་པོ་བྱས་པར། གསོ་རིག་སྦྱོང་མཁན་དང་གསོ་རིག་གཉེར་མཁན་ཚང་མས་ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་སློབ་སྦྱོང་གི་བརྒྱུད་རིམ་ཞིག་བརྒྱུད་དགོས། རྩྭ་ཐང་ནས་ཐོན་པའི་བོད་ལུགས་གསོ་རིག་དེང་རབས་ཅན་གྱི་གྲོང་ཁྱེར་དང་འཚམ་མཐུན་ཡོང་བར་བྱེད་དགོས་པ་དང་། ཤུགས་རྐྱེན་ཡང་མི་ཆུང་བ་ཐེབས་ཡོད་ཅེས་ཐད་ཀར་གསུངས་གནང་བ་རེད།

     པའེ་ཧྲུའུ་ཅུན་གྱིས། དཔེར་ན། བོད་ལུགས་གསོ་རིག་ཁྲོད་ཀྱི་ཧོར་མེ་གསོ་ཐབས་ནི་བོད་སྨན་རྒྱུ་ཆ་མི་འདྲ་བ་བཅག་རྗེས་སེང་རས་ཀྱིས་བཏུམས་པ་མ་ཟད། མར་ཁུའི་ནང་བཙོས་ནས་ཚ་པོར་གྱུར་རྗེས་གསང་མིག་སྟེང་སྦྱར་བའི་ཕྱི་བཅོས་བྱ་ཐབས་ཤིག་ཡིན་ལ། དེར་ལྷོད་ལ་འབབ་པ་དང་གཉིད་ཁུག་པའི་ཕན་ནུས་ལྡན་མོད། འོན་ཀྱང་གྲོང་ཁྱེར་ནང་གི་མི་ལ་ལས་མར་གྱི་དྲི་མ་དང་ལེན་བྱ་མི་ཐུབ་པས། ང་ཚོས་སྣུམ་དྭངས་མས་མར་གྱི་ཚབ་བྱས་པ་ཡིན་ཞེས་བརྗོད།

     2018ལོར་ཀྲུང་གོ་བོད་ལུགས་གསོ་རིག་གི་སྨན་ལུམས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་འཐུས་ཚབ་བརྩམས་ཆོས་མིང་ཐོའི་ནང་ཚུད་པས། བོད་ལུགས་གསོ་རིག་གི་མཚན་སྙན་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ།

     2023ལོར། ཀན་སུའུ་འཕྲོད་བསྟེན་ལས་རིགས་སློབ་གླིང་དང་ཆི་ཀྲེང་བོད་སྨན་གཉིས་ཀྱིས་མཉམ་དུ་བོད་ལུགས་གསོ་རིག་ཐོན་ལས་སློབ་གླིང་བསྐྲུན་ཞིང་། རྒྱལ་ཡོངས་སུ་སློབ་གྲྭ་དང་ཁེ་ལས་མཉམ་འབྲེལ་སྒོས་བོད་ལུགས་གསོ་རིག་ཆེད་ལས་འཛིན་གྲྭ་གཉེར་བའི་སྲོལ་བཏོད་པ་རེད། ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཆི་ཀྲེང་དངོས་ལས་ཚོགས་པ་ཚད་ཡོད་ཀུང་སི་དང་ལན་ཀྲུའུ་ཡི་སློབ་གྲྭ་མང་པོ་ཞིག་མཉམ་ལས་ཀྱིས་སློབ་གྲྭ་དང་ཁེ་ལས་དངོས་སྦྱོང་གི་རྟེན་གཞི་བཙུགས་ནས། བོད་ལུགས་གསོ་རིག་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་བཞིན་ཡོད་པས། གང་དེས་པའེ་ཧྲུའུ་ཅུན་གྱི་བློ་སེམས་སྔར་བས་བདེ་རུ་སོང་དུ་བཅུག་ཡོད།

     པའེ་ཧྲུའུ་ཅུན་གྱིས་བོད་ལུགས་གསོ་རིག་རིག་ཚན་གཞན་པ་དང་འདྲ་བར། ངེས་པར་དུ་འབྱུང་རྩ་བརྟན་པོར་སྲུང་ན། ད་གཟོད་དེ་གནས་པའི་རིན་ཐང་མངོན་ཐུབ་ཅེས་བསྟན། ཁོང་གིས་བོད་ལུགས་གསོ་རིག་གི་བརྟག་བཅོས་ནས་བོད་སྨན་གྱི་སྤུས་ཀ དེ་ནས་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ཚང་མར་ཁྱོན་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་མཐོར་འདེགས་གཏོང་དགོས་པ་མ་ཟད། དེང་རབས་གསོ་རིག་དང་ཟུང་འབྲེལ་དམ་ཚགས་བྱས་ན། ད་གཟོད་བོད་ལུགས་གསོ་རིག་སྔར་ལས་ལེགས་པའི་སྒོ་ནས་རྒྱུན་འཛིན་བྱ་ཐུབ་པའི་ངོས་འཛིན་གནང་བཞིན་ཡོད་པ་རེད།

中央广播电视总台 央广网 版权所有

བོད་ལུགས་གསོ་རིག་ལས་ལ་གཞོལ་བའི་སྨན་པ་པའེ་ཧྲུའུ་ཅུན།

སྲོལ་རྒྱུན་བོད་ལུགས་གསོ་རིག་ལེགས་པར་སྦྱོང་བ་དང་ལེགས་པར་སྤྱོད་པའི་བརྒྱུད་རིམ་འདི་ནི་དཀའ་ཚེགས་ཆེ་ཞིང་སྤོབས་པ་སྐྱེད་འོས་པ་ཞིག་རེད།