ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་གཏུག་ཐད་ཀྱི་གནས་ཚུལ་གསར་ཤོས།

2024-04-22 17:11:00     责编:卓玛才让

     དབྱི་སི་རལ་རྒྱལ་སྲུང་དམག་གིས་ས་གནས་དེ་གའི་དུས་ཚོད་ཚེས་21ཉིན། དབྱི་སི་རལ་དམག་གིས་ཅོར་ཏན་ཆུ་བོའི་ནུབ་འགྲམ་གྲོང་ཁྱེར་ཐུའུ་ལེ་ཁེར་མུའུ་ཉེ་འགྲམ་གྱི་ནུའུ་ཨེར་ཧྲ་མུའུ་སིའི་ཡུལ་གྱར་བའི་སྒར་སར་ཆུ་ཚོད་50ཡི་རིང་གི་དམག་དོན་བྱ་སྤྱོད་སྤེལ་ཟིན་ཞེས་བརྗོད་འདུག

     དབྱི་སི་རལ་དམག་གིས། དམག་དོན་བྱ་སྤྱོད་སྤེལ་རིང་། དབྱི་སི་རལ་དམག་གིས་མེ་མདའ་རྒྱག་རེས་བྱེད་པའི་ཁྲོད་ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་14བསད་པ་དང་། མི་15འཛིན་བཟུང་བྱས་པ། འབར་རྫས་དངོས་པོ་འབོར་ཆེན་ཤེས་རྟོགས་བྱུང་བ་མ་ཟད་རྩ་མེད་བཏང་བ། མཚོན་ཆ་འབོར་ཆེན་ཞིག་དགྲ་ལག་ནས་བསྡུས་ཡོད་ཅེས་དང་། དབྱི་སི་རལ་དམག་གི་དམག་མི་9དང་མཐའ་སྲུང་ཉེན་རྟོག་པ་1ལ་བྱ་སྤྱོད་ཁྲོད་རྨས་སྐྱོན་ཕོག་ཡོད་ཅེས་བརྗོད་འདུག

     ཕ་ལེ་སི་ཐན་དབྱི་སི་ལམ་འགོག་རྒོལ་ལས་འགུལ(ཧ་མ་སི)ཁོངས་སུ་གཏོགས་པའི་དྲག་ཆས་ཤོག་ཁག་ཁ་སང་ལུའི་ཤོག་གིས་ཚེས་21ཉིན། དྲག་ཆས་ཤོག་ཁག་དེའི་དྲག་ཆས་མི་སྣས་ལི་པ་ནོན་གྱི་ལྷོ་རྒྱུད་ནས་དབྱི་སི་རལ་བྱང་རྒྱུད་ཀྱི་ཤའོ་མེ་ལ་དམག་སྒར་ལ་མེ་ཤུགས་འཕུར་མདེལ་20འཕེན་གཏོང་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་དང་། གསལ་བསྒྲགས་ནང་འཇབ་རྒོལ་བྱས་པའི་ཞིབ་ཕྲའི་དུས་ཚོད་བརྗོད་མེད་པ་རེད།

     དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུས་ཚེས་21ཉིན་བརྙན་མཐོང་གཏམ་བཤད་སྤེལ་སྐབས། ཧ་མ་སིར་དེ་བས་ཤུགས་དྲག་ཆེ་བའི་རྒོལ་རྡུང་གང་མགྱོགས་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།

     དབྱི་སི་རལ་རྒྱལ་སྲུང་དམག་གིས་ཉིན་དེར་གསལ་བསྒྲགས་ཤིག་སྤེལ་ནས། དབྱི་སི་རལ་དམག་གི་སྤྱི་ཁྱབ་དྲག་ཇུས་དཔོན་ཧ་ལའེ་ཝེ་ཡིས་དབྱི་སི་རལ་དམག་གིས་མུ་མཐུད་དམག་དོན་བྱ་སྤྱོད་སྤེལ་རྒྱུའི་འཆར་གཞིར་ཆོག་མཆན་སྤྲད་ཡོད་ཅེས་འཁོད་ཡོད་པ་རེད།

     ཧ་མ་སིས་ཚེས་21ཉིན་གསལ་བསྒྲགས་སྤེལ་ནས། ཨ་རིའི་གྲོས་ཚོགས་སྨད་པས་འདེམས་ཤོག་འཕངས་ཏེ་དབྱི་སི་རལ་ལ་རོགས་སྐྱོར་བྱ་རྒྱུའི་ཁྲིམས་གཞིར་གྲོས་འཆམ་བྱུང་བར་སྐྱོན་འཛུགས་བྱས་ཡོད། གསལ་བསྒྲགས་ནང་། རོགས་སྐྱོར་ཁྲིམས་གཞི་དེ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱབ་འགལ་བྱས་པ་ཞིག་ཡིན། དེས་དབྱི་སི་རལ་སྲིད་གཞུང་གིས་མུ་མཐུད་ཀ་ཧྲ་མི་དམངས་ལ་གནོད་འཚེ་གཏོང་བར“ལམ་ཡིག” སྤྲད་པ་མ་ཟད“ཤར་བགྲོད་ལམ་བུ”བཏོད་ཡོད་ཅེས་བརྗོད་ཡོད།

中央广播电视总台 央广网 版权所有

ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་གཏུག་ཐད་ཀྱི་གནས་ཚུལ་གསར་ཤོས།

དབྱི་སི་རལ་རྒྱལ་སྲུང་དམག་གིས་ས་གནས་དེ་གའི་དུས་ཚོད་ཚེས་21ཉིན།