ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བོད་ལྗོངས་ཀྱི་ཉེན་རྟོག་པར་རྒོལ་རྡུང་གཏོང་མཁན་གཉིས་ཁྲིམས་ལ་སྦྱར།

2024-04-22 10:48:00     责编:卓玛才让

     2024ལོའི་ཟླ་4ཚེས་19ཉིན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་མི་དམངས་ཁྲིམས་ཁང་གིས་ཉེན་རྟོག་པར་རྒོལ་རྡུང་བཏང་བའི་ཉེས་བསགས་ཤིག་ལ་ཡོངས་བསྒྲགས་ཁྲིམས་ར་འཚོགས་ནས་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་རེད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། ཁོངས་གཏོགས་ཆུས་ཀྱི་མང་ཚོགས་བཅས་ཁྱོན་མི་60ལྷག་ཙམ་ཟུར་ཉན་བྱེད་པར་གདན་ཞུ་བྱས་ཡོད།

     འདྲི་གཅོད་བྱས་པ་བརྒྱུད། ཞུ་སྦྱོར་ཕྱི་མ་བསམ་ཆེ་གེ་མོ་དང་ཚེ་ཆེ་གེ་མོ་གཉིས་ཀྱིས་ཆང་རག་བཏུངས་རྗེས་མང་ཚོགས་ལ་བསྙད་བརྐོ་ཟིང་སློང་བྱས་ཤིང་། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་སྙན་སེང་འབྱོར་རྗེས་ཉེན་རྟོག་པ་བཏང་ནས་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད། ཞུ་སྦྱོར་ཕྱི་མ་ཚེ་ཆེ་གེ་མོས་ཉེན་རྟོག་པའི་རླངས་འཁོར་ལ་རྡོ་གཞུས་མ་ཟད། སྐེ་རགས་ཀྱིས་ཉེན་རྟོག་པར་བརྡུངས་ནས་རྨས་སྐྱོན་བཏང་ཡོད་པ་དང་། ཞུ་སྦྱོར་ཕྱི་མ་བསམ་ཆེ་གེ་མོས་ཉེན་རྟོག་པའི་ལག་ཐོགས་ཁ་པར་ཕྲོགས་ནས་ཉེན་རྟོག་པ་པར་ལེན་བྱས་ཡོད་པ་ཞིབ་རྩད་ཐུབ་ཡོད། གསལ་འབྱེད་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པར་རྨས་སྐྱོན་ཕྲན་བུ་ཕོག་ཡོད་པ་དང་། ཉེན་རྟོག་པའི་རླངས་འཁོར་ལ་གཏོར་སྐྱོན་ཕོག་པའི་ཆ་ཤས་ཀྱི་བཟོ་གླར་སྒོར་5257.64ཟིན་ཡོད། ཞུ་སྦྱོར་ཕྱི་མ་གཉིས་པོར་ཉིན་གཉིས་པ་བཟུང་ནས་ཉེས་དོན་གྱི་བཙན་ཐབས་སྤྱད་པ་དང་། གཞུང་གཏུག་ལས་ཁུངས་སུ་ནག་ཉེས་ངོས་ལེན་དང་ཉེས་ཆད་ཁས་ལེན་གྱི་ཡི་གེ་བཞག་ནས། བྱས་ཉེས་བསགས་པ་ངོས་ལེན་དང་ཉེས་ཆད་ཁས་ལེན་བྱས་པ་མ་ཟད་གྱོང་གུན་སྐྱིན་ཚབ་ཀྱང་འཇལ་བ་རེད།

     འདྲི་གཅོད་བྱས་པ་བརྒྱུད། ཞུ་སྦྱོར་ཕྱི་མ་བསམ་ཆེ་གེ་མོ་དང་ཚེ་ཆེ་གེ་མོ་གཉིས་པོས་ཁྲིམས་ལྟར་ལས་འགན་སྒྲུབ་མཁན་མི་དམངས་ཉེན་རྟོག་པར་ཉེས་རྡུང་བཏང་བ་དེ་ནི་ཉེན་རྟོག་པར་རྒོལ་རྡུང་གཏོང་བའི་ཉེས་བསགས་ཁོངས་སུ་གཏོགས་པས། ཁོ་གཉིས་པོར་ཁག་སོ་སོར་དུས་བཀག་བཙོན་འཇུག་ལོ་གཅིག་དང་ཟླ་གཉིས་དང་ལོ་གཅིག་དང་ཟླ་གཅིག་གི་ཁྲིམས་ཆད་གཅོད་དགོས་པའི་ངོས་འཛིན་བྱས་ཡོད། བཅད་ཁྲ་ཡོངས་བསྒྲགས་བྱས་རྗེས། ཞུ་སྦྱོར་ཕྱི་མ་གཉིས་པོས་ཁྲིམས་རའི་ཐོག་ནག་ཉེས་ངོས་ལེན་ཞུས་པ་དང་ཁྲིམས་ཐག་བཅད་པར་བརྩི་སྲུང་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད།

     མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་ལས་འགན་སྒྲུབ་པར་གཞོགས་འདེགས་བྱེད་པ་ནི་སྤྱི་དམངས་ཀྱིས་འཁུར་དགོས་པའི་འོས་འགན་ཞིག་ཡིན་ཞིང་། ཁྲིམས་འཛིན་གྱི་དབང་གྲགས་ལ་འཁྲུག་སློང་བྱེད་མི་རུང་ལ། བཅའ་ཁྲིམས་ཀྱི་གཟི་རྔམ་ལ་འགྲན་སློང་ཡང་བྱེད་མི་རུང་། ཁྲིམས་འཛིན་གྱི་དབང་གྲགས་ལ་འགྲན་སློང་དང་གནོད་འཚེ་གཏོང་རིགས་ལ་བཅའ་ཁྲིམས་ཀྱི་ཆད་པ་ནན་པོ་གཅོད་ངེས་རེད།

     གསེར་རྙེད་ཆུས་མི་དམངས་ཁྲིམས་ཁང་གིས་ཁྲིམས་རའི་འདྲི་གཅོད་ཀྱི་ཉེན་བརྡའི་སློབ་གསོར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ། ཟུར་ཉན་པ་གདན་འདྲེན་ཞུས་ནས་ཁྲིམས་སྐྱོང་གི་སློབ་གསོ་དང་དྲིལ་བསྒྲགས་ལ་སྐུལ་འདེད་བཏང་ཐོག མང་ཚོགས་ཀྱིས་ཁྲིམས་བཀུར་ཁྲིམས་སྲུང་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པའི་ཁྲིམས་འཛིན་དབང་གྲགས་དང་སྲིད་འཛིན་དོ་དམ་སྒྲིག་ལམ་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད་པ་རེད།

中央广播电视总台 央广网 版权所有

བོད་ལྗོངས་ཀྱི་ཉེན་རྟོག་པར་རྒོལ་རྡུང་གཏོང་མཁན་གཉིས་ཁྲིམས་ལ་སྦྱར།

གསེར་རྙེད་ཆུས་མི་དམངས་ཁྲིམས་ཁང་གིས་ཁྲིམས་རའི་འདྲི་གཅོད་ཀྱི་ཉེན་བརྡའི་སློབ་གསོར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ།