ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཟླ་བའི་གོ་ལའི་ས་གཤིས་པར་རིས་གསལ་ཤོས་ཁྱབ་བསྒྲགས་བྱས་འདུག

2024-04-21 15:14:00     责编:卓玛才让
     གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་ཚན་རིག་པས་ཞིབ་འཇུག་རྩོམ་སྒྲིག་བྱས་པའི་འཛམ་གླིང་གི་གསལ་ཚད་མཐོ་བའི་ཟླ་བའི་གོ་ལའི་ས་གཤིས་པར་རིས་ཕྱོགས་བསྒྲིགས་ཐོག་མ་དེ་ཟླ་4པའི་ཚེས་21ཉིན་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། པར་རིས་ཕྱོགས་བསྒྲིགས་དེའི་ནང་《ཟླ་བའི་གོ་ལའི་ཟླ་ཡོངས་ས་གཤིས་པར་རིས་ཁྲི1:250》དང་《ཟླ་བའི་གོ་ལའི་བྱེ་བྲག་ས་གཤིས་པར་རིས་ཁྲི1:250》ཚུད་ཡོད་ལ། བསྡུར་ཚད་ཁྲེ་ཙེ་ཁྲི་1:250ཡིན་པ་དང་དེའི་ནང་ཟླ་བའི་གོ་ལའི་ཟླ་ཡོངས་ས་གཤིས་པར་རིས་(གཙོ་རིས)དང་། ཟླ་བའི་གོ་ལའི་བྲག་རྡོ་ཁྱབ་ཚུལ་པར་རིས། ཟླ་བའི་གོ་ལའི་གྲུབ་ཚུལ་རྩ་གནད་པར་རིས་དང་དེ་བཞིན་ཟླ་བའི་གོ་ལའི་ཚད་ལྡན་ས་གཤིས་པར་རིས་30བཅས་ཚུད་ཡོད།

     པར་རིས་དེ་རང་རྒྱལ་གྱི་ཟླ་བའི་ལྷ་མོ་ལས་གྲྭའི་ཚན་རིག་འཚོལ་ཞིབ་གཞི་གྲངས་རྨང་གཞིར་བྱས་ནས་བྲིས་ཤིང་། དེ་ནི་ཟླ་བའི་གོ་ལའི་ཚན་རིག་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་གྲུབ་འབྲས་ཤིག་ཡིན་པར་མ་ཟད། ཟླ་བའི་གོ་ལའི་ལས་གྲྭའི་ཚན་རིག་དམིགས་ཚད་གཏན་འབེབས་དང་ལས་གྲྭ་ལག་བསྟར་བྱེད་པར་རྨང་གཞིའི་དཔྱད་གཞི་དང་ཚན་རིག་གི་དཔྱད་གཞི། དེ་མིན་རང་རྒྱལ་གྱི་ཟླ་བའི་གོ་ལ་དང་གོ་ལ་གཞན་པའི་ས་གཤིས་པར་རིས་རྩོམ་སྒྲིག་ཞིབ་འཇུག་ཐད་ཀྱི་སྟོང་ཆ་སྐོང་ཐུབ་རྒྱུ་ཡིན་ལ། གཞན་ཡང་། ཟླ་བའི་གོ་ལའི་འབྱུང་ཁུངས་དང་རིམ་འགྱུར། ཐ་ན་ཉི་མའི་ཁྱིམ་རྒྱུད་རིམ་འགྱུར་ལ་ཞིབ་འཇུག་བྱེད་པར་ཀྲུང་གོའི་ལེགས་སྐྱེས་ཕུལ་ཡོད།

     ཤེས་རྟོགས་བྱུང་བར་གཞིགས་ན། དུས་རབས་གོང་མའི་ལོ་རབས་60པར་ཨ་རིའི་ཨ་པོ་ལུའོ་འཆར་གཞི་ལག་བསྟར་བྱས་པ་ནས་བཟུང་ཟླ་བའི་གོ་ལའི་ས་གཤིས་ཞིབ་འཇུག་ཐད་ད་ལྟའི་བར་དུ་ཨ་པོ་ལུའོ་དུས་སྐབས་སུ་ཞིབ་བཟོ་བྱས་པའི་ཟླ་བའི་གོ་ལའི་ས་གཤིས་པར་རིས་སྤྱོད་བཞིན་ཡོད། འོན་ཀྱང་ཞིབ་འཇུག་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་ཟླ་བའི་གོ་ལའི་ས་གཤིས་པར་རིས་དེས་འབྱུང་འགྱུར་གྱི་ཚན་ཞིབ་དང་ཟླ་བའི་གོ་ལའི་འཚོལ་ཞིབ་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད།

     ཨ་པོ་ལུའོ་དུས་སྐབས་ཀྱི་ཟླ་བའི་གོ་ལའི་ས་གཤིས་པར་རིས་དང་བསྡུར་ན། པར་རིས་ཕྱོགས་བསྒྲིགས་གསར་པ་དེ་ནི་ཟླ་བའི་གོ་ལའི་སྒུལ་ཤུགས་རིག་པའི་རིམ་འགྱུར་གྱི་ཆོས་ཉིད་ལ་གཞིགས་ནས་ཟླ་བའི་གོ་ལའི་ས་གཤིས་ལོ་རབས་དབྱེ་བའི་ཇུས་གཞི་གསར་གཏོད་བྱས་ནས་ཟླ་བའི་གོ་ལའི་ས་གཤིས་རིམ་འགྱུར་གྱི་ལོ་རྒྱུས་སྔར་བས་ལུགས་དང་མཐུན་པའི་སྒོ་ནས་མཚོན་པར་བྱས་ཡོད།  གཙོ་རིས《ཟླ་བའི་གོ་ལའི་ཟླ་བ་ཡོངས་ཀྱི་ས་གཤིས་པར་རིས་ཁྲི་1:250》ཞེས་པ་ནི་སྔོན་པོ་དང་ནག་པོ། སེར་པོ། དམར་པོ་བཅས་མདོག་བཞི་སྤྱད་དེ་ཁྱོན་ཁ་དོག་རིགས་150བསྐྱར་དཔར་བྱས་ནས་ཟླ་བའི་གོ་ལའི་ས་གཤིས་ལོ་རབས་དབྱེ་ཡོད། གཞན་ཟླ་བ་གོ་ལའི་རྡེག་ཐུག་དོང་12341དང་རྡེག་ཐུག་གཤོངས་ས81 བྲག་རྡོའི་རིགས་17 གྲུབ་ཚུལ་14བཅས་ལ་དབྱེ་འབྱེད་དང་རྟགས་བརྒྱབ་ཡོད་པ་རེད།

     མིག་སྔར་པར་རིས་ཕྱོགས་བསྒྲིགས་དེ་རང་རྒྱལ་གྱི་ཚན་རིག་མཁས་པས་བསྐྲུན་པའི་གྲངས་གཞི་ཅན་གྱི་ཟླ་བའི་གོ་ལའི་སྤྲིན་སྟེགས་ཐོག་གཅིག་སྡུད་བྱས་པ་དང་འབྲེལ་ཟླ་བའི་གོ་ལའི་ཚན་རིག་ཞིབ་འཇུག་དང་ཚན་རིག་ཁྱབ་གདལ་སློབ་གསོ། དེ་བཞིན་རང་རྒྱལ་གྱི་འབྱུང་འགྱུར་ཟླ་བའི་གོ་ལའི་འཚོལ་ཞིབ་ལས་གྲྭའི་ས་ཐོག་འབབ་ཁུལ་འདེམས་པ་དང་ཟླ་བའི་གོ་ལའི་ཐོན་ཁུངས་རྩད་ཞིབ། བགྲོད་ལམ་འཆར་འགོད་བཅས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།

中央广播电视总台 央广网 版权所有

ཟླ་བའི་གོ་ལའི་ས་གཤིས་པར་རིས་གསལ་ཤོས་ཁྱབ་བསྒྲགས་བྱས་འདུག

གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།