ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བོད་ཀྱི་ནས་ལ་འཛམ་གླིང་གི་བྱ་དགའ་ཨང་དང་པོ་ཐོབ་འདུག

2023-10-26 17:01:00     责编:桑吉卓玛
 

བོད་ཀྱི་ནས་ལ་འཛམ་གླིང་གི་བྱ་དགའ་ཨང་དང་པོ་ཐོབ་འདུག

 

       འཇར་མན་གྱི་ས་གནས་དེ་གའི་དུས་ཚོད་2023ལོའི་ཟླ་10ཚེས་24ཉིན་གྱི་ཆུ་ཚོད་17དང་སྐར་མ་30ཡི་ཐོག ཀྲུང་གོའི་འཐུས་ཚབ་རུ་ཁག་ལ་IBAའཛམ་གླིང་བག་ལེབ་འོས་སྐུལ་འགྲན་བསྡུར་ཁྲོད་སྤྱིའི་ཨང་དང་པོ་ཐོབ་པ་མ་ཟད། རྣམ་གྲངས་རྐྱང་པ་གཉིས་ཀྱི་ཨང་དང་པོ་ཐོབ་སྟེ། ཧྥ་རན་སི་དང་། ལྗར་པན། འཇར་མན་སོགས་བག་ལེབ་བསྲེགས་མའི་སྟོབས་ལྡན་རྒྱལ་ཁབ་ལས་རྣམ་པར་རྒྱལ་བས། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཏེ་ཡང་བསྐྱར་ཨང་དང་པོ་ཐོབ་ཡོད།
 


       ཐེངས་འདིའི་འཛམ་གླིང་གི་བག་ལེབ་འོས་སྐུལ་འགྲན་བསྡུར་དེ་མུའུ་ཉི་ཧེའི་བག་ལེབ་བསྲེགས་མའི་འགྲེམས་སྟོན་འགྲེམས་སྟོན་ལྟེ་གནས་སུ་སྤེལ་འདུག མུའུ་ཉི་ཧེའི་བག་ལེབ་བསྲེགས་མའི་འགྲེམས་སྟོན་ནི་1949ལོར་བྱེད་འགོ་ཚུགས་པ་དང་། འཛམ་གླིང་ཡོངས་ཀྱི་སྔོན་ཐོན་གྱི་བག་ལེབ་བསྲེགས་མའི་ལས་རིགས་འགྲེམས་ཚོགས་རེད། IBAའཛམ་གླིང་བག་ལེབ་འོས་སྐུལ་འགྲན་བསྡུར་ནི་འཇར་མན་གྱི་བག་ལེབ་བསྲེགས་མ་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་སྤྱིའི་བག་ལེབ་བསྲེགས་མཁན་དང་སྤྲི་གོར་བཟོ་མཁན་མནའ་འབྲེལ(UIBC)གཉིས་ནས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་འཛམ་གླིང་གི་བག་ལེབ་འགྲན་བསྡུར་ཆེན་མོ་གསུམ་གྱི་གྲས་ཤིག་ཡིན་ཞིང་། རྒྱལ་སྤྱིའི་རྩེར་སོན་གྱི་བག་ལེབ་བསྲེགས་མཁན་དག་འཛོམས་ཀྱི་ཡོད་པ་རེད།

       2023ལོའི་ལོ་འཁོར་གྱི་འགྲན་བསྡུར་ལ་གྲ་སྒྲིག་བྱེད་པའི་བརྒྱུད་རིམ་ནང་། ཀྲུང་གོ་བག་ལེབ་རྒྱལ་ཁབ་རུ་ཁག་གི་རྩལ་ཁྲིད་པ་གཙོ་བོ་སྐུ་ཞབས་ཝང་ཙི་ཡིས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་དང་འཛམ་གླིང་གི་་དར་སྲོལ་གཉིས་ཟུང་འབྲེལ་བྱེད་པའི་འགྲན་བསྡུར་གྱི་ཁ་ཕྱོགས་གཏན་འཁེལ་བྱས་པ་རེད། དེར་བརྟེན་ཁོང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་རང་ས་ནས་མ་བཅོས་རྒྱུ་ཆ་ལེགས་ཤོས་འཚོལ་བ་དང་། ལོ་གཅིག་རིང་རྒྱལ་ཡོངས་ས་གནས་ཁག་ཏུ་རྟོག་ཞིབ་བྱས་པ་བརྒྱུད། མཐར་ཧྲང་ཧའེ་བོད་སྐྱོར་གྱི་ཤུགས་ཆེའི་རོགས་རམ་འོག་བོད་ལྗོངས་ཀྱི་ནས་དེ་ཀྲུང་གོ་བག་ལེབ་རྒྱལ་ཁབ་རུ་ཁག་གི་གདམ་བྱར་གྱུར་པ་རེད།

       ཐེངས་འདིའི་འགྲན་བསྡུར་ཁྲོད་ཀྲུང་གོའི་འཐུས་མི་རུ་ཁག་གི་འཚོ་བཅུད་དང་བདེ་ཐང་གི་བག་ལེབ་དེ་ཧྲང་ཧའེ་བོད་སྐྱོར་གྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་གཞིས་རྩེ་བོད་ཞིབ་བཟའ་བཅའ་ཚད་ཡོད་ཀུང་སིས་མཉམ་འབྲེལ་ཐོག་གསར་སྤེལ་བྱས་ཏེ་མཁོ་འདོན་བྱས་པའི་གཞིས་རྩེའི་ནས་ཀྱི་བསྙལ་སོན་དང་ནས་ཀྱི་གྲོ་ཞིབ་སྤྱད་ཡོད་ཅིང་།  ནས་ཀྱིས་བཟོས་ཤིང་ནས་ཀྱི་བསྙལ་སོན་སྤྱད་ནས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྒྱུ་བག་ལེབ་ཀྱི་ནང་དུ་འདྲེས་པར་བྱས་པས། འཛམ་གླིང་ཐོག་ཀྲུང་གོའི་བག་ལེབ་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་ཡོད།

       འགྲན་བསྡུར་མ་བྱས་གོང་། ཀྲུང་གོའི་བག་ལེབ་བསྲེགས་མཁན་རྒྱལ་ཁབ་རུ་ཁག་གི་རྩལ་ཁྲིད་པ་གཙོ་བོ་སྐུ་ཞབས་ཝང་ཙི་ཆེད་མངགས་བོད་ལྗོངས་སུ་ནས་ཀྱི་ཐོན་ཡུལ་ལ་རྟོག་ཞིབ་གནང་བར་ཕེབས་པ་དང་། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་བོད་ཞིབ་བཟའ་བཅའ་ཚད་ཡོད་ཀུང་སིར་ཕེབས་ཏེ་ནས་ཀྱི་གྲོ་ཞིབ་ཐོན་སྐྱེད་བཟོ་རྩལ་ལ་རྟོག་ཞིབ་གནང་བ་རེད། རྟོག་ཞིབ་མཇུག་འགྲིལ་རྗེས། སྐུ་ཞབས་ཝང་ཙི་ཡིས་བོད་ལྗོངས་ཀྱི་ནས་ཀྱི་གྲོ་ཞིབ་དེ་རྩེར་སོན་བག་ལེབ་ཀྱི་རྒྱུ་ཆ་གཙོ་བོར་བྱེད་ཆོག་ཅེས་གསུངས་པ་དང་། ནས་ཀྱི་གྲོ་ཞིབ་ཀྱི་ཁྱད་ཆོས་ལ་དམིགས་ནས་བག་ལེབ་སྡེབ་སྦྱོར་གསར་སྤེལ་གྱི་ཚོད་ལྟ་ཐེངས་མང་བྱས་རྗེས། ཐེངས་འདིའི་ཀྲུང་གོའི་རུ་ཁག་གིས་མཐར་བོད་ལྗོངས་ཀྱི་ནས་ཀྱི་གྲོ་ཞིབ་དེ་ད་ཐེངས་ཀྱི་འགྲན་བསྡུར་ནང་གི་བདེ་ཐང་བག་ལེབ་ཀྱི་རྒྱུ་ཆ་གཙོ་བོ་བྱ་རྒྱུའི་ཐག་བཅད་པ་རེད།

 

 

       ཤེས་རྟོགས་བྱུང་བ་ལྟར་ན། འཛམ་གླིང་གི་བག་ལེབ་བསྲེགས་མའི་ལས་རིགས་ཀྱིས་སྲོལ་རྒྱུན་དུ་སྤྱོད་པའི་བག་ལེབ་བསྲེགས་མའི་གྲོ་ཞིབ་མང་ཆེ་བ་ནུབ་ཕྱོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ནས་ཡིན་པ་དང་། ད་ཐེངས་བོད་ལྗོངས་ཀྱི་ནས་ཀྱི་གྲོ་ཞིབ་འཛམ་གླིང་འགྲན་བསྡུར་ཆེན་མོའི་ཐོག་ཐོན་པ་མ་ཟད། མཐར་ཀྲུང་གོའི་རུ་ཁག་ལ་འགྲན་བསྡུར་གྱི་སྤྱིའི་ཨང་དང་པོ་ཐོབ་རྒྱུར་རམས་འདེགས་ཐུབ་ཡོད། དེའི་ཐོག་ནས། ནས་ཞེས་པའི་མཐོ་སྒང་གི་བདེ་ཐང་ལོ་ཏོག་དེར་འཛམ་གླིང་གི་བག་ལེབ་བསྲེགས་མའི་ལས་རིགས་ཀྱིས་ཁས་ལེན་ཐོབ་པ་མ་ཟད། རྩེར་སོན་གྱི་བག་ལེབ་བསྲེགས་མའི་གྲོ་ཞིབ་ལ་གདམ་ག་གསར་པ་ཞིག་ཀྱང་མཁོ་འདོན་བྱས་པ་མཚོན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད།

སྒྲིག་སྒྱུར། ཚེ་རྡོར། 
 

中央广播电视总台 央广网 版权所有

བོད་ཀྱི་ནས་ལ་འཛམ་གླིང་གི་བྱ་དགའ་ཨང་དང་པོ་ཐོབ་འདུག

འཇར་མན་གྱི་ས་གནས་དེ་གའི་དུས་ཚོད་2023ལོའི་ཟླ་10ཚེས་24ཉིན་གྱི་ཆུ་ཚོད་17དང་སྐར་མ་30ཡི་ཐོག ཀྲུང་གོའི་འཐུས་ཚབ་རུ་ཁག་ལ་IBAའཛམ་གླིང་བག་ལེབ་འོས་སྐུལ་འགྲན་བསྡུར