ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འགོ་བརྗོད་གསར་འགྱུར།

ཞི་ཅིན་ཕིང་གིས་སྐམ་དམག་གསོ་རིག་སློབ་ཆེན་དུ་གཟིགས་ཞིབ་གནང་བ།

2024-04-26 10:20:00     责编:卓玛才让
      ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་4ཚེས་23ཉིན་སྐམ་དམག་གསོ་རིག་སློབ་ཆེན་དུ་གཟིགས་ཞིབ་གནང་སྐབས། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། གཡུལ་སར་ཕྱོགས་པ་དང་། དམག་དཔུང་ལ་ཕྱོགས་པ། འབྱུང་འགྱུར་ལ་ཕྱོགས་པ་བཅས་ཀྱི་ཐོག་ནས། སློབ་གཉེར་དང་མི་སྣ་གོས་སྐྱོང་གི་ཆུ་ཚད་དང་སྨན་བཅོས་འཕྲོད་བསྟེན་འགན་ལེན་ནུས་པ་ཆེ་རུ་བཏང་སྟེ། འཛམ་གླིང་གི་དམག་དོན་གསོ་རིག་སློབ་ཆེན་རྩེ་གྲ་ཞིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།

     སྔ་དྲོའི་ཆུ་ཚོད་9དང་སྐར་མ་45ཙམ་ལ། ཞི་ཅིན་ཕིང་སྐམ་དམག་གསོ་རིག་སློབ་ཆེན་དུ་ཕེབས་ཤིང་། དང་ཐོག་སློབ་ཆེན་གྱི་གཞི་རྩའི་གནས་ཚུལ་དང་འཐབ་སའི་སྨན་བཅོས་སྐྱོབ་བཅོས་ཀྱི་གཙོ་གནད་རིག་ཚན་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། དམག་འཁྲུག་སྐབས་རྨས་སྐྱོན་བྱུང་བ་མྱུར་སྐྱོབ་བྱེད་པའི་ཡོ་བྱད་དང་སློབ་མས་བཀོལ་སྤྱོད་འཕེལ་རིམ་གསལ་སྟོན་བྱས་པར་གཟིགས་ཞིབ་གནང་ཡོད། སྐམ་དམག་གསོ་རིག་སློབ་ཆེན་ལ་གཟི་བརྗིད་ལྡན་པའི་ལོ་རྒྱུས་དང་སློབ་བརྒྱུད་ལྡན་ཡོད་པ་དང་། ཡུན་རིང་སློབ་གཉེར་བྱེད་པའི་ལག་ལེན་ཁྲོད་ས་མཐོའི་དམག་དོན་གསོ་རིག་དང་དམག་འཁྲུག་སྐབས་ཀྱི་རྨས་སྐྱོན་གསོ་རིག འཚིག་རྨས་གསོ་རིག་སོགས་མངོན་གསལ་དོད་པའི་ཁྱད་ཆོས་དང་བཟང་ཆ་གྲུབ་ཡོད། 2017ལོར་ལེགས་སྒྲིག་བྱས་ནས་བཙུགས་ཚུན། སློབ་ཆེན་གྱིས་དམག་འཐབ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དམག་དོན་འཐབ་རྩོད་ཀྱི་འཕྲོད་བསྟེན་ཞབས་ཞུར་འགན་ལེན་དང་ཏོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ལས་འགན་གལ་ཆེན་རབ་དང་རིམ་པ་གཟེངས་སུ་ཐོན་པའི་ངང་ལེགས་སྒྲུབ་བྱས་ཡོད། ཞི་ཅིན་ཕིང་གིས་སྐམ་དམག་གསོ་རིག་སློབ་ཆེན་འཛུགས་སྐྱོང་དང་ལས་འགན་ལེགས་སྒྲུབ་བྱས་ཚུལ་ལ་ཁས་ལེན་གནང་ཡོད།

     སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་སྐམ་དམག་གསོ་རིག་སློབ་ཆེན་གྱི་དཔོན་དམག་གི་འཐུས་མི་དང་བྱམས་བརྩེའི་ངང་ཐུག་འཕྲད་གནང་བ་དང་འབྲེལ་ཚང་མ་དང་དྲན་རྟེན་སྐུ་པར་བསྐྱོན་ཡོད།

     ཞི་ཅིན་ཕིང་གིས། སྐམ་དམག་གསོ་རིག་སློབ་ཆེན་ནི་རང་དམག་གི་གསོ་རིག་རིགས་ཀྱི་མཐོ་རིམ་སློབ་གསོའི་སློབ་གླིང་ཞིག་དང་། དམག་ཡོངས་ཀྱི་འཕྲོད་བསྟེན་ཞབས་ཞུའི་སྟོབས་ཤུགས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་རེད། ཀུན་སྤྱོད་ལེགས་སྐྱོང་གིས་མི་སྣ་གསོ་སྐྱོང་དང་དམག་འཐབ་ཀྱི་ཆེད་དུ་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སློབ་གསོ་དང་སློབ་ཁྲིད་བསྒྱུར་བཅོས་ཟབ་སྤེལ་བྱས་ནས། སྤྱོད་ཡོན་གཉིས་ལྡན་གྱི་དུས་རབས་གསར་པའི་གསར་བརྗེའི་དམག་དཔུང་གི་སྨན་དོན་མི་སྣ་གསོ་སྐྱོང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

     ཞི་ཅིན་ཕིང་གིས། ཁྱད་ལྡན་གསོ་རིག་གི་ཚན་ཞིབ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྲོལ་རྒྱུན་གྱི་བཟང་ཆ་སྲ་བརྟན་དུ་གཏོང་བ། འཕེལ་རྒྱས་ཀྱི་མདུན་གྲལ་དུ་སླེབས་རྒྱུ་བརྩོན་ལེན་བྱེད་པ་བཅས་ཀྱིས་དམག་དོན་གསོ་རིག་གི་ཡང་རྩེར་དཔའ་ངར་ཆེན་པོས་འཛེག་དགོས། འཕྲོད་བསྟེན་ཞབས་ཞུ་འགན་སྲུང་གི་འཛུགས་སྐྱོང་རྣམ་གྲངས་ཁག་ལ་ཤུགས་སྣོན་བརྒྱབ་སྟེ། དཔུང་སྡེའི་འཐབ་འཛིང་ནུས་པར་ཞབས་འདེགས་ནུས་ལྡན་ཞུ་དགོས་པ་དང་། དཔོན་དམག་གི་ལུས་སེམས་བདེ་ཐང་ལ་ཞབས་འདེགས་ཞུ་དགོས་ཞེས་ནན་སྟོན་གནང་ཡོད།

     ཞི་ཅིན་ཕིང་གིས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བླང་བྱ་དོན་འཁྱོལ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ། སྨན་བཅོས་འཕྲོད་བསྟེན་ལས་རིགས་དག་ཐེར་བཅོས་སྐྱོང་རྒྱུན་མཐུད་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། སློབ་ཆེན་ཚད་མཐོའི་གཅིག་སྡུད་གཅིག་གྱུར་དང་དྭངས་གཙང་སྲ་བརྟན་ཡོང་བར་འགན་ལེན་བྱེད་དགོས། ཁྲིམས་ལྟར་སློབ་གྲྭ་སྐྱོང་རྒྱུ་དང་སློབ་གྲྭ་ནན་སྐྱོང་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་པ་དང་། སློབ་གསོར་དོ་དམ་ནན་པོ་བྱེད་པ། གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་བའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས། སློབ་གྲྭ་ཡོངས་ཀྱི་དགེ་སློབ་དང་ལས་བཟོ་པའི་ལས་སྒྲུབ་དང་བྱ་གཞག་གསར་གཏོད་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་པ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་སློབ་ཆེན་འཛུགས་སྐྱོང་གི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།

     ཧོ་ཝེ་ཏུང་སོགས་བྱེད་སྒོར་ཞུགས་ཡོད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་སྐམ་དམག་གསོ་རིག་སློབ་ཆེན་དུ་གཟིགས་ཞིབ་གནང་བ།