ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འགོ་བརྗོད་གསར་འགྱུར།

ཞི་ཅིན་ཕིང་གིས་ཧྲུའོ་ཨེར་ཚི་དང་མཇལ་འཕྲད་གནང་བ།

2024-04-17 10:57:00     责编:娜科

ཟླ་4ཚེས་16ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏིའོ་ཡུས་ཐའེ་རྒྱལ་ཁབ་མགྲོན་ཁང་དུ་འཇར་མན་གྱི་ཙུང་ལི་ཧྲུའོ་ཨེར་ཚི་དང་མཇལ་འཕྲད་གནང་བ་རེད། 

 

 

ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་དང་འཇར་མན་དབར་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་10འཁོར་བའི་ལོ་རེད། ལོ་ངོ་10ཡི་རིང་། མ་གཞི་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་མོད། འོན་ཀྱང་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་སྲ་བརྟན་དང་གཏིང་ཟབ་ཏུ་ཕྱིན་ནས། རྒྱལ་ཁབ་གཉིས་པོའི་རང་སོ་སོའི་གོང་འཕེལ་ལ་སྒུལ་ཤུགས་མཁོ་འདོན་བྱས་ཡོད། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་པ་དང་། མིའི་རིགས་ཀྱི་སྤྱི་ཚོགས་ལ་འཕྲད་པའི་ཉེན་ཁ་དང་འགྲན་སློང་ཇེ་མང་དུ་འགྲོ་བཞིན་ཡོད་པས། གནད་དོན་འདི་དག་ཐག་གཅོད་བྱེད་པར་རྒྱལ་ཁབ་ཆེན་པོའི་མཉམ་ལས་དང་ཁ་འབྲལ་ཐབས་མེད། ཀྲུང་གོ་དང་འཇར་མན་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་དང་གསུམ་པ་ཡིན་པ་དང་། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་དོན་སྙིང་དེ་ཕྱོགས་གཉིས་པོའི་འབྲེལ་བའི་ཁྱབ་ཁོངས་ལས་བརྒལ་ནས་ཨ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོ་དང་། ཐ་ན་འཛམ་གླིང་ཧྲིལ་པོར་ཤུགས་རྐྱེན་གལ་ཆེན་ཐེབས་ཀྱི་ཡོད། རྒྱལ་ཁབ་གཉིས་པོས་ཕུགས་དང་འཐབ་ཇུས་ཀྱི་གཞི་འཛིན་ས་ནས་ཕྱོགས་གཉིས་པོའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་གཏོང་བ་དང་། ལག་གདང་སྦྲེལ་ཏེ་འཛམ་གླིང་ལ་བརྟན་བརླིང་རང་བཞིན་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་བསྣན་དགོས་ཞེས་བསྟན་གནང་ཡོད། 

ཞི་ཅིན་ཕིང་གིས། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཡོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་མྱོང་ཡོད། ཀྲུང་གོ་དང་འཇར་མན་དབར་རྩ་བའི་ཁེ་ཕན་གྱི་གདོང་ཐུག་མེད་པས། ཕན་ཚུན་དབར་བདེ་འཇགས་ཀྱི་འཇིགས་སྐུལ་བཟོ་མི་སྲིད། ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་ནི་ཕྱོགས་གཉིས་པོར་ཕན་ཐོགས་ཡོད་པ་དང་འཛམ་གླིང་ལ་ཕན་ཐོགས་ཡོད། འཛམ་གླིང་ཇི་ཙམ་ཟང་ཟིང་དུ་གྱུར་ན་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལྡེམ་ཤུགས་དང་གསོན་ཤུགས་དེ་ཙམ་གྱིས་ཆེ་རུ་གཏོང་བ་དང་། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་མཉམ་ལས་ཀྱི་ནང་དོན་གཙོ་བོ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་བྱེད་པ། ཀྲུང་གོ་དང་འཇར་མན་ནི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླ་ཡིན་པའི་གནས་བབ་དེ་ཁོང་དུ་བརྟན་པོ་ཆུད་པ་བཅས་བྱེད་དགོས། ཀྲུང་གོས་འཇར་མན་ལ་འཛིན་པའི་སྲིད་ཇུས་ལ་ཚད་མཐོའི་བརྟན་བརླིང་རང་བཞིན་དང་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་མུ་མཐུད་སྒོ་འབྱེད་ཀྱི་བློ་རྒྱར་བརྟེན་ནས་འགྲོ་འོང་དམ་ཟབ་བྱས་ཏེ་འཐབ་ཇུས་ཐོག་ནས་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རེས། མཉམ་ལས་མཉམ་རྒྱལ་བཅས་རྒྱུན་འཁྱོངས་བཅས་བྱས་ཚེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་མུ་མཐུད་བརྟན་ཐོག་རྒྱང་བགྲོད་ཐུབ་ངེས་རེད་ཅེས་ནན་སྟོན་གནང་ཡོད།

 

 

ཞི་ཅིན་ཕིང་གིས། ཀྲུང་གོ་དང་འཇར་མན་གྱི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་ཐད་ཕན་ཚུན་འདེགས་སྐྱོར་དང་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། རྒྱལ་ཁབ་གཉིས་པོའི་ཁྲོམ་རའི་ཐད་ཚད་མཐོའི་བརྟེན་རེས་བྱེད་ཀྱི་ཡོད། ཀྲུང་གོ་དང་འཇར་མན་གྱི་གཉིས་ཕན་མཉམ་ལས་ནི“ཉེན་ཁ་”ཞིག་མིན་པར། དེ་ལས་ལྡོག་སྟེ་ཕྱོགས་གཉིས་འབྲེལ་བ་བརྟན་པོ་ཡོང་བའི་འགན་ལེན་དང་འབྱུང་འགྱུར་གསར་གཏོད་ཀྱི་གོ་སྐབས་ཤིག་ཡིན། འཕྲུལ་ཆས་བཟོ་སྐྲུན་དང་རླངས་འཁོར་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཡིན་ནའང་འདྲ། ཡང་ན་སྦགས་མེད་བརྗེ་སྒྱུར་དང་། གྲངས་འཛིན་ཅན། མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཡིན་ནའང་འདྲ། གང་ལྟར་རྒྱལ་ཁབ་གཉིས་པོར་སྔོག་འདོན་བྱེད་ཆོག་པའི་མཉམ་ལས་མཉམ་རྒྱལ་གྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། ཕྱོགས་གཉིས་པོས་གཉིས་ཕན་མཉམ་རྒྱལ་གྱི་ཁྱད་ཆོས་མངོན་གསལ་དོད་པོ་དར་སྤེལ་བཏང་ནས་གཉིས་ཀར་གྲུབ་འབྲས་ཐོབ་པ་བྱེད་དགོས། ཀྲུང་གོས་གློག་སྒུལ་རླངས་འཁོར་དང་། ལིས་གློག་རྫས། འོད་ཧྥུའི་ཐོན་རྫས་སོགས་ཕྱིར་གཏོང་བྱས་པས། གོ་ལ་ཧྲིལ་པོའི་མཁོ་སྤྲོད་ཕུན་སུམ་ཚོགས་སུ་ཕྱིན་པ་དང་གོ་ལ་ཧྲིལ་པོའི་དངུལ་ལོར་འགྲེམས་ཐལ་ཤོར་ཚུལ་གྱི་གནོན་ཤུགས་ཆུང་དུ་བཏང་ཡོད་ལ། གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་སྦགས་མེད་ཐཱན་ཉུང་གྱི་རྣམ་པ་བརྗེ་སྒྱུར་བྱས་པར་ཡང་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀ་ནི་དངོས་གཉེར་ལ་བརྟེན་ནས་རྒྱལ་ཁབ་བཙུགས་པ་ཞིག་ཡིན་པ་དང་། གཉིས་ཀས་རང་མོས་ཉོ་ཚོང་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་སྲུང་སྐྱོང་རིང་ལུགས་ཐོན་རྒྱུར་དོགས་ཟོན་བྱེད་པ་དང་། ཁྲོམ་རའི་མིག་རྒྱང་དང་གོ་ལ་ཧྲིལ་པོའི་མཐོང་རྒྱ་མཐའ་འཁྱོངས་བྱས་ཐོག དཔལ་འབྱོར་གྱི་ཆོས་ཉིད་ལ་གཞིགས་ནས་ཐོན་སྐྱེད་ནུས་པའི་གནད་དོན་ལ་དོན་དངོས་དང་རྩོད་སྒྲུབ་ཀྱི་ལྟ་སྟངས་འཛིན་པ་དང་མཉམ་ལས་ཐད་གྲོས་བསྡུར་མང་ཙམ་བྱེད་དགོས། ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱ་རྒྱུ་ཡིན་པས། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་འཇར་མན་དུ་འཕེལ་རྒྱས་གཏོང་བར་སྐྱོད་པར་གཞུང་དྲང་དང་། ཁ་གསལ། སྒོ་དབྱེ། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད། འཛམ་གླིང་སྣེ་མང་ཅན་གྱི་གནད་དོན་ཐད་ཀྲུང་གོ་དང་འཇར་མན་ལ་ཐུན་མོང་གི་ཆ་མི་ཉུང་བ་ཞིག་ཡོད། སྣེ་མང་ཅན་ནི་ངོ་བོའི་ཐོག་ཤེས་དཔལ་མི་འདྲ་བ་དང་ལམ་ལུགས་མི་འདྲ་བ། འགྲོ་ལམ་མི་འདྲ་བ་བཅས་ཀྱི་རྒྱལ་ཁབ་དབར་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས་བྱ་རྒྱུ་དེ་ཡིན་དགོས། ཀྲུང་གོ་དང་འཇར་མན་གྱིས་རང་ཚུགས་རང་བདག་གིས་ཕྱོགས་མང་ཁྱབ་ཁོངས་ནང་རོགས་ལས་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་གནམ་གཤིས་འགྱུར་ལྡོག་དང་། འཕེལ་རྒྱས་དོ་སྙོམས་མིན་པ། ས་ཁུལ་གྱི་གདོང་ཐུག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་དེ་བས་ལེགས་པ་གཅོག་རྒྱུར་སྐུལ་འདེད་བཏང་ནས། འཛམ་གླིང་དོ་སྙོམས་བརྟན་ལྷིང་ཡོང་ཆེད་ལེགས་སྐྱེས་དེ་བས་མང་བ་འབུལ་དགོས་ཞེས་བསྟན་ཡོད།

ཧྲུའོ་ཨེར་ཚི་ཡིས། མིག་སྔར། འཇར་མན་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་ཡག་པོ་འགྲོ་བཞིན་པ་དང་། ཕྱོགས་གཉིས་པོའི་རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་འགྲོ་འོང་ཟབ་ཏུ་ཕྱིན་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་གྲོས་མོལ་དང་། དེ་བཞིན་འཐབ་ཇུས་དང་ནོར་དཔལ་སོགས་ཁྱབ་ཁོངས་ཀྱི་རིམ་པ་མཐོ་བའི་སྐད་ཆ་ཤོད་རེས་བདེ་བླག་ངང་བྱས་པ་མ་ཟད། ད་དུང་གནམ་གཤིས་འགྱུར་ལྡོག་དང་སྦགས་མེད་བརྗེ་སྒྱུར་གྱི་སྐད་ཆ་ཤོད་རེས་ཀྱང་བྱ་རྒྱུ་རེད། འདས་ཟིན་པའི་ཉིན་གཉིས་ནང་། ང་རང་དང་འཇར་མན་གྱི་ཁེ་ལས་ལས་རིགས་ཀྱི་འཐུས་མིས་མཉམ་དུ་ཁྲུང་ཆིང་དང་ཧྲང་ཧའེ་སོགས་སུ་འཚམས་འདྲི་ཞུས་པ་དང་། ཉེ་བའི་ལོ་ཤས་རིང་ཀྲུང་གོའི་དཔལ་འབྱོར་གོང་འཕེལ་ལ་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་དངོས་སུ་མྱོང་ཚོར་བྱུང་། འཇར་མན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ལས་རིགས་ཀྱི་དམ་ཟབ་ཀྱི་མཉམ་ལས་བཟང་པོར་བག་ཆགས་ཟབ་མོ་བྱུང་། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཁྱབ་ཁོངས་ཁག་གི་ཕྱོགས་གཉིས་པོའི་སྐད་ཆ་ཤོད་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། སློབ་གསོ་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད། དེ་ནི་འཇར་མན་དང་ཀྲུང་གོ་རྒྱལ་ཁབ་གཉིས་དང་དེ་བཞིན་འཛམ་གླིང་ཚང་མར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་དང་། ཕྱོགས་མང་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་པ་དམ་པ་དོན་དུ་གཉེར་བ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་པ་དང་། ཁ་གཏད་དུ་ལངས་པ་དང་འགྲན་རྒོལ་བྱ་རྒྱུར་མོས་མཐུན་བྱེད་ཀྱི་མེད། འཇར་མན་ཕྱོགས་ཀྱིས་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་དང་རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཡོ་རོབ་མནའ་འབྲེལ་གྱི་ཁོངས་གཏོགས་གལ་ཆེན་ཡིན་པའི་འཇར་མན་གྱིས་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་ཡག་པོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་བསྟན་ཡོད།

རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ད་དུང་ཡུག་རེན་གྱི་ཉམས་ཉེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་དང་། ཀྲུང་གོ་དང་འཇར་མན་གཉིས་ཀས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ཞུ་བ་དང་། ཉིང་རྡུལ་མཚོན་ཆ་སྤྱོད་པའམ་ཞི་བདེའི་ཉིང་རྡུལ་སྒྲིག་བཀོད་ལ་ཕར་རྒོལ་བྱེད་པར་ངོ་རྒོལ་བྱེད་པ། རྒྱལ་སྤྱིའི་འབྲུ་རིགས་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བ་བཅས་དམ་པ་དོན་དུ་གཉེར་བཞིན་ཡོད་ཅེས་གསུངས་ཡོད།

 

 

ཞི་ཅིན་ཕིང་གིས། མིག་སྔའི་དུས་བབ་འོག གདོང་ཐུག་དུང་འཁྱིལ་རྣམ་པའི་ཐོག་ནས་རིམ་སྤོར་དང་ཐ་ན་ཚོད་འཛིན་མི་ཐུབ་པར་འགྱུར་རྒྱུར་སྔོན་འགོག་བྱ་ཆེད། ཕྱོགས་ཁག་གིས་ཐུན་མོང་ཐོག་ཞི་བདེ་སྔ་ཙམ་སླར་གསོ་བྱ་རྒྱུར་གཞོལ་དགོས། དེའི་ཕྱིར། གཤམ་གསལ་གྱི་རྩ་དོན་འགའ་ཤས་ལ་སྟངས་འཛིན་བྱེད་དགོས་པ་སྟེ། གཅིག་ནི་ཞི་བདེ་བརྟན་ལྷིང་གི་ཁྱོན་ཡོངས་གཙོ་བོར་འཛིན་དགོས་པ་ལས། སྒེར་དོན་ཁོ་ན་བསྒྲུབ་ནས་སྡོད་མི་རུང་། གཉིས་ནི་དུས་བབ་ཞི་ལྷོད་དུ་གཏོང་བ་ལས། མེ་འབར་བའི་སྒང་ལ་ཤིང་གཤགས་པ་ཞེས་པའི་དཔེ་ལྟར་བྱ་མི་ཉན། གསུམ་ནི་ཞི་བདེ་སླར་གསོ་བྱེད་ཆེད་མཐུན་རྐྱེན་བསྐྲུན་དགོས་པ་ལས། འགལ་ཟླ་སྔར་ལས་ཛ་དྲག་ཏུ་གཏོང་མི་རུང་། བཞི་ནི་འཛམ་གླིང་དཔལ་འབྱོར་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་རྒྱུ་ཉུང་དུ་གཏོང་དགོས་པ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བར་གཏོར་བཤིག་གཏོང་མི་རུང་བ་བཅས་ཡིན། ཀྲུང་གོ་ཕྱོགས་ནི་ཡུག་རེན་ཉམས་ཉེན་གྱི་དོ་བདག་ཕྱོགས་དང་དེའི་ནང་ཞུགས་མཁན་ཕྱོགས་མིན། འོན་ཀྱང་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་བྱེད་སྟངས་ཐོག་ནས་ཞི་བདེ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཉམས་ཉེན་ཞི་བའི་ངང་ཐག་གཅོད་བྱ་རྒྱུར་ཕན་པའི་འབད་བརྩོན་མཐའ་དག་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ་དང་། དུས་དང་འཚམ་པའི་སྐབས་ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་པོས་ཁས་ལེན་པ་དང་། ཕྱོགས་ཁག་འདྲ་མཉམ་ངང་ཞུགས་པ། ཞི་བདེའི་ཇུས་གཞི་ཚང་མར་དྲང་གཞག་ངང་གྲོས་བསྡུར་བྱེད་པ་བཅས་ཀྱི་རྒྱལ་སྤྱིའི་ཞི་གྲོས་འཚོགས་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡིན་ལ། དེའི་ཐད་འཇར་མན་ཚུད་པའི་འབྲེལ་ཡོད་ཕྱོགས་ཁག་དང་འབྲེལ་གཏུག་དམ་ཟབ་ཀྱང་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།

ཕྱོགས་གཉིས་པོས་ད་དུང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་སོགས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་2728དོན་འཁྱོལ་གྱིས་གནས་ཚུལ་ཚབས་ཆེ་རུ་འགྲོ་རྒྱུ་སྔོན་འགོག་དང་དུས་བབ་སྔར་བས་ཇེ་སྡུག་ཏུ་འགྲོ་རྒྱུ་སྔོན་འགོག་བྱེད་པ། ཀ་ཧྲ་ས་ཁུལ་ལ་འགོག་རྐྱེན་མེད་པ་དང་རྒྱུན་མཐུད་ཐུབ་པའི་མི་ཆོས་རིང་ལུགས་ཀྱི་ཆོག་འཐུས་ཡོང་བའི་འགན་ལེན་བྱས་ཏེ། ཕ་ལེ་སི་ཐན་གྱི་གནད་དོན་དེ“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”ཞེས་པའི་རྨང་གཞིའི་ཐོག་གྲོས་མོལ་བྱས་ནས་སྔ་ཙམ་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་ངོས་འཛིན་གནང་བ་དང་། ཤུགས་རྐྱེན་ལྡན་པའི་རྒྱལ་ཁབ་ཀྱིས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ། ཕ་ལེ་སི་ཐན་གྱི་གནད་དོན་ཁྱོན་ཡོངས་དང་། དྲང་གཞག རྒྱུན་སྲིང་བཅས་ཀྱི་སྒོ་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་རེ་འབོད་གནང་ཡོད།


 

མཇལ་འཕྲད་གནང་གྲུབ་རྗེས། ཞི་ཅིན་ཕིང་གིས་ཧྲུའོ་ཨེར་ཚི་དང་མཉམ་དུ་འཆམ་འཆམ་གནང་བ་དང་འབྲེལ་ལྷན་དུ་དགུང་ཟས་བཞེས་པ་དང་། རྒྱ་ཁྱབ་ཀྱི་གྲོས་གཞིའི་ཐད་སྔར་བས་སྤེལ་རེས་གཏིང་ཟབ་གནང་བ་རེད།

ཝང་དབྱི་མཇལ་འཕྲད་ནང་ཞུགས་ཡོད། 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ཟླ་བ་ཚེ་རིང་། 

ཡིག་སྒྱུར། སྐལ་བཟང་བདེ་སྐྱིད། གཡུ་སྒྲོན།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་ཧྲུའོ་ཨེར་ཚི་དང་མཇལ་འཕྲད་གནང་བ།