ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འགོ་བརྗོད་གསར་འགྱུར།

ཞི་ཅིན་ཕིང་ནས་པེར་ཀྲེམ་གྱི་དབུ་བཞུཊ་བློན་ཆེན་དང་མཇལ་འཛོམས་གནང་བ།

2024-01-13 11:11:00     责编:卓玛才让
      ཟླ་1ཚེས་12ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་པེར་ཀྲེམ་གྱི་དབུ་བཞུགས་བློན་ཆེན་ཏེ་ཁེ་ལུའོ་དང་མཇལ་འཛོམས་གནང་བ་རེད།

     ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་པེར་ཀྲེམ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་པེར་དབར་ཕྱི་འབྲེལ་བཙུགས་ནས་ལོ་53སོང་རིང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཐོབ་ཡོད། ཀྲུང་གོ་དང་པེར་ཀྲེམ་ནི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ཁྲོད་ཕན་པ་ཐོབ་མཁན་ཡིན་པ་དང་། སྲུང་སྐྱོང་རིང་ལུགས་བཀག་འགོག་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱེད་པའི་ཐད་ཐུན་མོང་གི་ཁེ་ཕན་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྐུ་ཞབས་དབུ་བཞུགས་བློན་ཆེན་གྱིས་ཡོངས་བསྒྲགས་སུ“འབྲེལ་ཐག་གཅོད་པར”ངོ་རྒོལ་ཐེངས་མང་བྱས་པར་བསྔགས་བརྗོད་བྱ་རྒྱུ་དང་། པེར་ཀྲེམ་ཁེ་ལས་ཀྱིས་ཀྲུང་གོར་མ་འཇོག་བྱས་ནས་བྱ་གཞག་གཏོད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཁོང་ཚོར་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་འདོད་ཡོད་ལ། པེར་ཀྲེམ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་དྲང་གཞག་དང་། ཁ་གསལ། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཅིག་གཏོད་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་རང་སོ་སོའི་བཟང་ཆ་དང་ཟུང་འབྲེལ་བྱས་ཏེ། འགྲིམ་འགྲུལ་ཟོག་འགྲེམས་དང་སྐྱེ་དངོས་སྨན་བཟོ་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས། སྦགས་མེད་གོང་འཕེལ་དང་གྲངས་འཛིན་དཔལ་འབྱོར་སོགས་མཉམ་ལས་ཀྱི་འཕར་གཞི་གསར་པ་འཚོལ་ཞིབ་ཀྱིས་གཏོད་ཆོག ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་སྡེ་ཚན་དང་། ཁྲིམས་འཛུགས་ལས་ཁུངས། ས་གནས་ཞིང་ཆེན་དང་གྲོང་ཁྱེར་བཅས་དབར་འགྲོ་འོང་དང་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གཉིས་པོའི་ཡུལ་སྐོར་དང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མའི་དབར་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ། ཕན་ཚུན་རིག་གནས་བྱེད་སྒོ་ཆེ་གྲས་གཉེར་བ། དོམ་ཁྲར་སྲུང་སྐྱོང་དང་ཞིབ་འཇུག་བྱེད་པ། ཕན་ཚུན་ཤེས་རྟོགས་དང་དམངས་ཁྲོད་ཀྱི་མཛའ་གྲོགས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་བཅས་བྱས་ཐོག ཀྲུང་གོ་དང་པེར་ཀྲེམ་དབར་གྱི་འབྲེལ་བར་སྒུལ་ཤུགས་གསར་པ་སྣོན་པ་དང་མདུན་ལམ་གསར་པ་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་པེར་ཀྲེམ་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པ་སོགས་ཀྱི་གྲོས་གཞིའི་ཐད་མཉམ་ལས་བྱེད་འདོད་ཡོད་ཅེས་བསྟན་འདུག

     ཞི་ཅིན་ཕིང་གིས། ཀྲུང་གོས་ཡོ་རོབ་ལ་བཟུང་བའི་སྲིད་ཇུས་ཡུན་རིང་བརྟན་ལྷིང་ཡོང་བ་བྱས་ནས། ཐོག་མཐའ་བར་གསུམ་དུ་ཡོ་རོབ་ཉིད་ཀྲུང་གོའི་མཉམ་ལས་རོགས་ཟླར་བརྩི་གི་ཡོད། ཡོ་རོབ་འདི་ཉིད་སྣེ་མང་འཛམ་གླིང་ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད། འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། ཀྲུང་གོ་དང་ཡོ་རོབ་དབར་སྦྲེལ་ཟམ་དེ་བས་མང་བ་འཛུགས་དགོས། ཕྱོགས་གཉིས་པོས་མཉམ་ལས་དེ་བས་དམ་ཟབ་བྱས་ནས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་ལོ་གསར་པའི་ནང་བརྟན་ཐོག་ཡར་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ལ། པེར་ཀྲེམ་འདི་ཉིད་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ངོས་ནས་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།

     ཏེ་ཁེ་ལུའོ་ཡིས། པེར་ཀྲེམ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཕྱོགས་མང་པོའི་ཐད་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་མདུན་གྲལ་དུ་སླེབས་ཡོད། པེར་ཀྲེམ་གྱིས་ཀྲུང་གོ་གཅིག་ལས་མེད་པའི་སྲིད་ཇུས་ལ་མུ་མཐུད་བརྩི་སྲུང་ཞུ་རྒྱུ་དང་། པེར་ཀྲེམ་གྱིས་ཀྲུང་གོ་ཕྱོགས་དང་ལྷག་བསམ་ཟོལ་མེད་ངང་སྐད་ཆ་ཤོད་རེས་དང་བསམ་ཤེས་གཏིང་ཟབ་བྱས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆབ་སྲིད་དང་དཔལ་འབྱོར་སོགས་ཁྱབ་ཁོངས་ཁག་ནང་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། པེར་ཀྲེམ་གྱིས“འབྲེལ་ཐག་གཅོད་པར”ངོ་རྒོལ་བྱེད་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་པེར་ཀྲེམ་དུ་བསྐྱོད་དེ་མཉམ་ལས་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་མི་སྣ་འགྲོ་འོང་དང་མི་ཆོས་རིག་གནས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་བྱེད་ཀྱི་ཡོད། ལོ་བཅུའི་གོང་། ཀྲུའུ་ཞི་ཞི་ཅིན་ཕིང་པེར་ཀྲེམ་དུ་འཚམས་འདྲིར་ཕེབས་རིང་པུའུ་ལུའུ་རི་རུ་ཉན་འདོད་པའི་གཏམ་བཤད་གནང་ཞིང་། དེའི་ཁྲོད“སྦྲེལ་ཟམ”སྐོར་གསོན་ཉམས་དོད་པའི་རྒྱས་བཤད་གནང་བ་དེས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། དེང་གི་འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་འོག འཛམ་གླིང་གི་ངོས་ནས་བཤད་ན། ཀྲུང་གོ་དང་ཡོ་རོབ་གཉིས་ཀྱིས་ལག་གདང་སྦྲེལ་ནས་རོགས་ཟླ་བྱེད་དགོས་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་འགྲོ་རྒྱུར་སྐུལ་འདེད་གཏོང་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། དེ་བས་བརྟན་པའི་འཛམ་གླིང་འཛུགས་པ་སོགས་ཀྱི་ཁྱབ་ཁོངས་ཆེན་པོའི་ནང་མཉམ་ལས་ཐད་ཤུགས་སྣོན་རྒྱག་དགོས། ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་པེར་ཀྲེམ་གྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད། ང་རང་ད་ཐེངས་ཀྲུང་གོར་འཚམས་འདྲིར་ཡོང་བ་དེས་པེར་ཀྲེམ་དང་ཀྲུང་གོ་དང་། ཡོ་རོབ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་ཕན་འདོགས་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད།

     ཝང་དབྱི་མཇལ་འཛོམས་ནང་ཞུགས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

ཨ་རིས་ཤིན་ཅང་གི་ཐད་གང་བྱུང་སྐྱོན་འཛུགས་བྱེད་པའི་ཐད།

ཨ་རིའི་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཧ་ཅང་མང་པོ་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ལའང་ཉེས་སྤྱོད་གྲངས་མེད་བཟོས་ཡོད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་ནས་པེར་ཀྲེམ་གྱི་དབུ་བཞུཊ་བློན་ཆེན་དང་མཇལ་འཛོམས་གནང་བ།