ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

དམངས་གཙོའི་བཅོས་སྒྱུར་ལས་གངས་ལྗོངས་ས་མཐོར་མཆོང་སྐྱོད་གསར་པ་བྱུང་བ།

2024-04-10 09:48:00     责编:卓玛才让
     གསར་འགོད་པར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་65འཁོར་བར་དྲན་གསོ་ཞུ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པ་ནས་བཟུང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་འབད་འབུངས་ཡར་བརྩོན་དང་། སྙིང་རུས་ཆེན་པོས་འབད་བརྩོན་བྱས་པས་དཔལ་འབྱོར་དར་རྒྱས་གོང་འཕེལ་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན། སྣོད་བཅུད་ཁོར་ཡུག་བཟང་བ། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་བཅས་ཀྱི་བརྗིད་ཆེའི་ལེའུ་གསར་པ་བརྩམས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱུང་སྟེ༼དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་མངོན་པའི་༽མི་ཡུལ་གྱི་ངོ་མཚར་བཏོད་ཡོད།
     ལོ་ངོ་65ཡི་རིང་བོད་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད་ཅིང་། སྤྱི་ལོ་1959ལོ་ནས་སྤྱི་ལོ་2023ལོའི་བར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1དང་བྱེ་བ་7དང་ས་ཡ་4ནས་སྒོར་དུང་ཕྱུར་2392དང་བྱེ་བ་6དང་ས་ཡ་7བར་འཕར་ནས་ལོ་རེར་ཆ་སྙོམས་བརྒྱ་ཆ་9.2%འཕར་བ་དང་། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་142ནས་སྒོར་ཁྲི་དྲུག་དང་5642བར་འཕར་ཡོད་པ་རེད། དེ་མིན་ད་དུང་བོད་ལྗོངས་ཀྱི་རང་ངོས་འཕེལ་རྒྱས་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་ཆབས་ཅིག་རྒྱལ་ཁབ་ཀྱིས་བོད་ལ་མ་འཇོག་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས་འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་པ་དང་། འདེགས་སྐྱོར་ཆ་རྐྱེན་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ། འཕེལ་རྒྱས་ཀྱི་འགུལ་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་ཅིང་སྤྱི་ལོ་2023ལོར་བོད་ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་236དང་བྱེ་བ་6དང་ས་ཡ་2ཟིན་ཡོད།
     བོད་ཀྱི་དམངས་འཚོའི་བྱ་གཞག་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ་སྟེ། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་བོད་དུ་ཡིག་རྨོངས་དང་ཕྱེད་ཡིག་རྨོངས་ཀྱིས་95%ཡན་ཟིན་པ་དང་། སྤྱི་ལོ་2023ལོར་སླེབས་དུས་གསར་དུ་ཐོན་པའི་ངལ་རྩོལ་ནུས་ཤུགས་མི་རེར་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་ཚད་ལོ་13.1བར་མཐོ་རུ་ཕྱིན་ཡོད་པ་རེད། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་35.5ནས་ལོ་72.19བར་མཐོ་རུ་ཕྱིན་པ། མང་ཚོགས་ཀྱི་བདེ་འཇགས་ཚོར་ཚད་99%ཡན་རྒྱུན་འཁྱོངས་ཐུབ་པ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་སྔར་བས་ཆེ་རུ་ཕྱིན་པ་དང་བདེ་སྐྱིད་ཚོར་སེམས་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སེམས་སྔར་བས་འགན་ལེན་ཐུབ་པ་བཅས་བྱུང་ཡོད།
     ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་བསྟུད་མར་གཙོ་སྐྱོང་གནང་ཐོག་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་ནས་བོད་ཀྱི་ལས་དོན་ལ་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་སྣེ་ཁྲིད་འོག་བོད་ལྗོངས་ཡོངས་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་པ་དང་། བོད་ཀྱི་སྤྱི་ཚོགས་རྒྱུན་མཐུད་དང་། སྐྱོན་བྲལ། མགྱོགས་མྱུར་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཕྱིན་པ། ལོ་རྒྱུས་རང་བཞིན་གྱི་དབུལ་ཕོངས་སེལ་ནས་བོད་ཀྱི་དཔལ་འབྱོར་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། སྤྱི་ལོ་2012ལོ་དང་སྤྱི་ལོ་2023ལོར་བོད་ལྗོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔ་རྗེས་སུ་སྒོར་དུང་ཕྱུར་1000དང་སྒོར་དུང་ཕྱུར་2000གི་འགག་སྒོ་ཆེན་པོ་ལས་བརྒལ་ནས་ལྡབ་1.5འཕར་བ་དང་། དཔལ་འབྱོར་འཕར་ཚད་ལོ་མང་བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། སྤྱི་ལོ་2023ལོར་བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་6དང་5000ལས་བརྒལ་ཡོད་པ་རེད། སྤྱི་ལོ་2012ལོ་ནས་2023ལོའི་བར་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་11.7%འཕར་བ་དེ་དུས་མཚུངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གནས་3གྱིས་མགྱོགས་པ་ཡོད་པ་རེད།
     དེ་མིན་ད་དུང་བོད་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་རིམ་བཞིན་བཙུགས་པ། གློག་དྲ་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་པ། མཚོན་རྟགས་རང་བཞིན་གྱི་ཆུ་བེད་ལས་གྲྭ་གལ་ཆེན་ཁག་ཅིག་བདེ་བླག་ངང་བསྐྲུན་པ་སོགས་འཕེལ་རྒྱས་མངོན་གསལ་བྱུང་ཡོད་པ་རེད།
     དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བོད་ལྗོངས་ཀྱི་སློབ་གསོའི་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་ཡོད་ཅིང་། བུ་བཅོལ་ཁང་དང་། སློབ་ཆུང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་ཀྱི་ལོ་15རིང་གི་གཞུང་གྲོན་སློབ་གསོའི་མ་ལག་བཙུགས་ཡོད་པ་རེད།
     བདེ་ཐང་བོད་ལྗོངས་ཀྱི་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་ཡོད་ཅིང་། གཞི་རྩའི་སྨན་བཅོས་ཞབས་ཞུ་དང་། མ་བུའི་འཕྲོད་སྦྱོར། ནད་ཡམས་སྔོན་འགོག་ཚོད་འཛིན། བོད་ལུགས་གསོ་རིག་དང་བོད་སྨན་སོགས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཁྱོན་ཡོངས་ནས་བཙུགས་ཡོད་པས་བོད་ལྗོངས་མི་དམངས་ཀྱི་ནད་བསྟེན་སྨན་བཅོས་ཀྱི་ཆ་རྐྱེན་མངན་གསལ་འདོད་པོས་ལེགས་སུ་སོང་ཡོད་པ་རེད།
     གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་ཡུལ་མིའི་གནས་སྡོད་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་བཏང་ཡོད་ཅིང་། གྲོང་ཁྱེར་དང་གྲོང་རྡལ་དུ་མི་རེའི་ཆ་སྙོམས་སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་49.31ཟིན་པ་དང་གྲོང་གསེབ་ཏུ་མི་རེའི་ཆ་སྙོམས་སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་41.32ཟིན་གྱི་ཡོད་པ་རེད།
     བོད་ལྗོངས་ཡོངས་ཀྱི་སྣོད་བཅུད་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅིང་། བོད་ལྗོངས་ཡོངས་ཀྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་སྟུད་མར་99%ཡན་ཟིན་པ་དང་། གཙང་པོ་དང་། ཆུ་བོ། མཚེའུ་བཅས་ཁུལ་གྱི་ཆུའི་སྤུས་ཚད་རིམ་པ་གསུམ་པའམ་དེ་ལས་མཐོ་བ་ཟིན་པ། ཆུ་འགོའི་ཆུའི་སྤུས་ཚད་ཚད་གཞི་ལོན་ཚད་100%ཟིན་པ་བཅས་བྱུང་ཡོད་པ་རེད།
     ལོ་ངོ་65རིང་འཕེལ་རྒྱས་བཏང་བ་བརྒྱུད་བོད་ལྗོངས་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཅིང་། ད་ཆ་བོད་ལྗོངས་སུ་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྣོད་བཅུད་བཟང་བ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡོད་པ་དང་བོད་ལྗོངས་ཀྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་ཐོན་ཡོད།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

དམངས་གཙོའི་བཅོས་སྒྱུར་ལས་གངས་ལྗོངས་ས་མཐོར་མཆོང་སྐྱོད་གསར་པ་བྱུང་བ།

གསར་འགོད་པར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་65འཁོར་བར་དྲན་གསོ་ཞུ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར།