འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨུ་རུ་སུའི་ས་ལ་ཐོ་ཧྥུ་མངའ་སྡེའི་འགོ་འཛིན་གྱིས་ཚེས་20ཉིན། མངའ་སྡེ་དེའི་གྲོང་ཁྱེར་གཉིས་ལ་ཉིན་དེའི་ཐོ་རེངས་སུ་མིག་སྔའི་བར་གཞི་ཁྱོན་ཆེ་ཤོས་ཀྱི་ཡུག་རེན་གྱི་མི་མེད་གནམ་གྲུའི་འཇབ་རྒོལ་ཕོག་ནས། མི་10ལ་རྨས་སྐྱོན་བཟོས་ཡོད་ཅེས་བརྗོད་ཡོད། ཡུག་རེན་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་དྲག་ཇུས་པུས་ཚེས་20ཉིན། ཉིན་དེར་ཨུ་རུ་སུའི་ས་ལ་ཐོ་ཧྥུ་མངའ་སྡེའི་ཨེན་ཀེ་སེ་དམག་སྤྱོད་གནམ་ཐང་ལ་འཇབ་རྒོལ་བྱས་པ་ར་སྤྲོད་བྱས་ཡོད།
ཨུ་རུ་སུའི་ཕྱི་འབྲེལ་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས། ཡུག་རེན་གྱི་མི་མེད་གནམ་གྲུས་ཨུ་རུ་སུའི་ནུས་རྒྱུའི་སྒྲིག་ཆས་ལ་འཇབ་རྒོལ་བྱས་པ་དེའི་ཐོག་ནས། ཡུག་རེན་གྱིས་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་གདོང་ཐུག་ཐག་གཅོད་བྱེད་པའི་ཆབ་སྲིད་ཀྱི་འདོད་མོས་རྦད་དེ་འཛིན་གྱི་མེད་པ་མཚོན་གྱི་ཡོད། འཇབ་རྒོལ་བྱས་པ་དེས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་བཏོན་པའི་ཞི་བདེའི་གྲོས་འགོ་ཚུད་པའི་ཞི་བདེ་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱས་པ་ཚང་མ་མེད་པར་བཟོས་པ་རེད་ཅེས་བརྗོད་ཡོད།
ཨུ་རུ་སུའི་ཙུང་ཐུང་གི་ལས་རོགས་ཨུ་ཧྲ་ཁེ་ཧྥུ་ཡིས་ཚེས་20ཉིན། ཨུ་རུ་སུ་དང་ཨ་རིའི་འཐུས་མི་ཚོགས་པའི་དབྱེན་འབྱེད་གྲོས་མོལ་དེ་ཚེས་24ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལི་ཡ་ཏེ་རུ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅེས། ཡུག་རེན་གྱིས་ཀྱང་ཚེས་24ཉིན་འཐུས་མི་མངགས་ནས་སོ་ཏི་ཨ་རབ་ཏུ་བསྐྱོད་དེ་ཨ་རིའི་འཐུས་མི་དང་གྲོས་མོལ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་20ཉིན་གསལ་བསྒྲགས་སྤེལ་ནས། ཡུག་རེན་ལ་སླར་ཡང་ཡོ་སྒོར་དུང་ཕྱུར་10བཏང་ནས་སྤྱི་ཁོག་དངུལ་རྩའི་དངུལ་བུན་ཐད་རོགས་སྐྱོར་བྱ་རྒྱུ་ཡིན་པ་དང་། དངུལ་བུན་དེ་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཏུ་བཀག་སྐྱིལ་བྱས་པའི་ཨུ་རུ་སུའི་གཞུང་ཁོངས་རྒྱུ་ནོར་ལས་ཐོན་པའི་ཁེ་སྤོགས་ཁྲོད་ནས་སྤྲོད་རྒྱུ་ཡིན་ཞེས་བསྟན་ཡོད།