དབྱི་སི་རལ་ཕྱོགས་ནས་དབྱི་རན་གྱིས་དབྱི་སི་རལ་ལ་འཇབ་རྒོལ་བྱས་པར་ལན་ཆ་ཕོག་ངེས་ཡིན་ཞེས་བརྗོད་པ་དང་། དབྱི་རན་གྱིས་དབྱི་སི་རལ་ཕྱོགས་ཀྱིས་དགྲ་འཛིན་བྱ་སྤྱོད་གང་རུང་ཞིག་ལ་འོས་མཚམ་གྱི་ལན་ཆ་བྱ་རྒྱུ་ཡིན་ཞེས་བརྗོད་པ།
དབྱི་རན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཉིན་དེར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག དབྱི་རན་གྱིས་ས་ཁུལ་དེར་ཛ་དྲག་གི་དུས་བབ་བཟོ་རྒྱུའི་རེ་བ་བྱེད་ཀྱི་མེད་པ་དང་དབྱི་རན་གྱིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་བརྩི་སྲུང་ཞུ་གི་ཡོད། དབྱི་རན་གྱིས་དབྱི་སི་རལ་གྱི་དམག་དོན་རྟེན་གཞི་དང་དམག་སྤྱོད་སྒྲིག་བཀོད་ཁག་གཅིག་ལ་དམིགས་པའི་འཇབ་རྒོལ་ནི་དགོས་ངེས་དང་འོས་འཚམ་གྱི་བྱེད་ཐབས་ཤིག་ཡིན་པ་དང་དེའི་དམིགས་ཡུལ་ནི་དམག་དོན་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་རྒྱུའི་ཆེད་དུ་ཡིན་ཞེས་བཤད་པ་རེད། དབྱི་རན་གྲོས་ཚོགས་ཁང་གི་རྒྱལ་ཁབ་བདེ་འཇགས་དང་ཕྱི་འབྲེལ་སྲིད་ཇུས་ཨུ་ལྷན་གྱི་མགྲིན་ཚབ་པས་ཚེས་15ཉིན། དབྱི་རན་གྱིས་དབྱི་སི་རལ་ལ་ཐ་ཚིག་གཏོང་རྒྱུ་མ་ཟད་ཁོ་ཚོར་རང་གཅུན་ཐུབ་པའི་སྒོ་ནས་བྱ་སྤྱོད་སྤེལ་དགོས་པའི་བླང་བྱ་འདོན་རྒྱུ་དང་། དབྱི་རན་གྱིས“ད་བར་བེད་སྤྱོད་བྱེད་མྱོང་མེད་པའི་མཚོན་ཆ་སྤྱོད་རྒྱུའི”གྲ་སྒྲིག་བྱས་ཟིན་ཞེས་བརྗོད་པ་རེད།
ཀ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཚེས་15ཉིན་གསལ་བསྒྲགས་སྤེལ་ནས། འདས་ཟིན་པའི་ཆུ་ཚོད་24ཡི་ནང་དབྱི་སི་རལ་དམག་གིས་ཀ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་ནས་མི་68རྐྱེན་ལམ་དུ་ཤོར་བ་དང་མི་94ལ་རྨས་སྐྱོན་ཕོག་ཡོད། རེས་སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ཁྲོད་དུ་ཀ་ཧྲ་ས་ཁུལ་དུ་མི་33797རྐྱེན་ལམ་དུ་ཤོར་བ་དང་མི་76465ལ་རྨས་སྐྱོན་ཕོག་ཡོད་ཅེས་བརྗོད་པ་རེད།
ལི་པ་ནོན་དང་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་དུ་ཚེས་15ཉིན་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་བྱང་རྒྱུད་མཐའ་མཚམས་སུ་རྒྱུ་རྐྱེན་གསལ་པོ་མེད་པའི་འབར་གས་བྱུང་ནས་དབྱི་སི་རལ་གྱི་དམག་མི་4ལ་རྨས་སྐྱོན་ཕོག་པའི་ནང་ནས་མི་1ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཅེས་བཤད་པ་རེད། ལི་པ་ནོན་གྱི་འཇིག་རྟེན་བྱེད་པོའི་ཏང་གིས་ཉིན་དེར་དབྱི་སི་རལ་དམག་མི་མཐའ་མཚམས་བརྒལ་ནས་ལི་པ་ནོན་གྱི་མངའ་ཁོངས་སུ་འཛུལ་སྐབས་ལི་པ་ནོན་གྱི་འཇིག་རྟེན་བྱེད་པོའི་ཏང་གིས་སྔོན་ལ་བཞག་པའི་འབར་གས་སྒྲིག་ཆས་འབར་གས་བྱས་ཡོད་ཅེས་བརྗོད་པ་རེད། གཞན་ཡང་དབྱི་སི་རལ་གྱི་དམག་འཐབ་གནམ་གྲུས་ཚེས་15ཉིན་ལི་པ་ནོན་ལྷོ་རྒྱུད་ཀྱི་སྡོད་ཁང་གཅིག་ལ་མཁའ་ཐོག་འཇབ་རྒོལ་བྱས་ཤིང་། བུད་མེད་ཅིག་ལ་ད་ཐེངས་ཀྱི་འཇབ་རྒོལ་ཁྲོད་རྨས་སྐྱོན་ཕོག་ཡོད་པ་རེད།
དབྱི་སི་རལ་ནོར་སྲིད་པུས་ཚེས་15ཉིན་ཀ་ཧྲ་ས་ཁུལ་གྱི་དམག་དོན་བྱ་སྤྱོད་དབང་གིས་དབྱི་སི་རལ་གྱི་2023ལོའི་དངུལ་བུན་གཡར་ཚད་ལྡབ་གཅིག་འཕར་ཡོད་ཅེས་བཤད་པ་རེད། 2023ལོར་དབྱི་སི་རལ་གྱིས་མི་དམངས་ཤོག་སྒོར་དུང་ཕྱུར་3089ཡི་དངུལ་བུན་གྲབས་གསོག་བྱས་པའི་ནང་ཕྱེད་ཀ་ནི་ཟླ་10པར་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་གདོང་ཐུག་གསར་པ་ཐོན་རྗེས་མང་དུ་ཕྱིན་པ་ཞིག་རེད་ཅེས་བརྗོད་ཡོད།