ཡུག་རེན་གྱི་ས་ཁུལ་མང་པོའི་ནུས་རྒྱུའི་སྒྲིག་བཀོད་ལ་འཇབ་རྒོལ་ཕོག་པས། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཕྱོགས་ཁག་ལ་ཉིང་རྡུལ་གློག་ཁང་གང་རུང་ལ་འཇབ་རྒོལ་མི་ཕོག་པ་འགན་ལེན་བྱེད་དགོས་པའི་སྐུལ་མ་བཏང་བ།
ཨུ་རུ་སུའི་རྒྱལ་སྲུང་པུས་ཚེས་11ཉིན་གནས་ཚུལ་སྤེལ་བའི་ནང་། ཡུག་རེན་གྱིས་ཨུ་རུ་སུའི་རྡོ་སྣུམ་རང་བྱུང་སོལ་རླངས་དང་ནུས་རྒྱུའི་སྒྲིག་བཀོད་ལ་གཏོར་བཤིག་གཏོང་རྩིས་བྱས་པའི་བྱ་སྤྱོད་ལ་ཡ་ལན་སྤྲོད་པའི་ངོས་ནས། ཨུ་རུ་སུའི་དྲག་ཆས་སྟོབས་ཤུགས་ཀྱིས་ཉིན་དེའི་ཐོ་རེངས་སུ་ཞིབ་ཚད་མཐོ་བའི་རྒྱང་རིང་མཁའ་རྒོལ་སྒྲིག་ཆས་དང་མཚོ་རྒོལ་མཚོན་ཆ། དེ་བཞིན་མི་མེད་གནམ་གྲུ་བཅས་སྤྱད་དེ་ཡུག་རེན་གྱི་འབར་རྒྱུའི་སྒུལ་ཤུགས་ཕྱོགས་བསྡུས་མ་ལག་ལ་མཉམ་དུ་རྡུང་རྡེག་བཏང་བ་དང་། དེ་དག་ཚང་མ་དམིགས་འབེན་ལ་ཕོག་ཡོད་ཅེས་བསྟན་ཡོད་པ་རེད།
རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཚེས་11ཉིན་ཨོ་སི་ཁྲུ་རི་ཡའི་ཝི་ཨེན་ན་རུ་དམིགས་བསལ་གྱི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་འཚོགས་ནས། ཉེ་དུས་ཀྲ་པོ་ལུའོ་རེའི་རྡུལ་ཉིང་གློག་ཁང་ལ་འཇབ་རྒོལ་ཕོག་པའི་དོན་རྐྱེན་ཐད་གྲོས་བསྡུར་བྱས་ཡོད། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་ཀེ་ལུའོ་ཞི་ཡིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་སྐབས། ཟླ་འདིའི་ཚེས་7ཉིན་ཀྲ་པོ་ལུའོ་རེའི་རྡུལ་ཉིང་གློག་ཁང་ལ་དམིགས་ནས་ཐད་ཀར་འཇབ་རྒོལ་བྱས་པ་དེའི་ཐོག་ནས་རྡུལ་ཉིང་བདེ་འཇགས་དང་རྡུལ་ཉིང་བདེ་སྲུང་གི་ཉེན་ཁ་ཆེ་རུ་ཤུགས་ཆེན་ཕྱིན་པ་མཚོན་ཡོད་ཅིང་། རྡུལ་ཉིང་ཆག་སྒོའི་ཉེན་ཁ་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་ཅེས་དང་། ཀེ་ལུའོ་ཞི་ཡིས། ཕྱོགས་ཁག་གིས་སྤྱོད་ཆོག་པའི་བྱ་ཐབས་མཐའ་དག་སྤྱད་དེ་ཀྲ་པོ་ལུའོ་རེའི་རྡུལ་ཉིང་གློག་ཁང་ངམ་ཡང་ན་རྡུལ་ཉིང་གློག་ཁང་གཞན་དག་གང་རུང་ལ་སླད་ཕྱིན་འཇབ་རྒོལ་མི་ཕོག་པ་འགན་ལེན་བྱེད་དགོས་པའི་ལྕག་སྐུལ་བྱས་ཡོད།