འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཚེས་9ཉིན། ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་གཅིག་མཐུན་ཚོགས་པའི་སྐབས་དགུ་པའི་དབུ་ཚོགས་ཧུང་ཏུ་ར་སིའི་རྒྱལ་ས་ཐེ་ཀུའུ་ཞི་ཅར་པ་རུ་འཚོགས་པ་རེད། དབུ་ཚོགས་གྱིས་《ཐེ་ཀུའུ་ཞི་ཅར་པའི་བསྒྲགས་གཏམ་》ལ་གྲོས་འཆམ་བྱས་ནས་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་ཕྱོགས་རྐྱང་པའི་བཙན་དབང་བྱེད་ཐབས་ལ་ངོ་རྒོལ་བྱས་པ་དེའི་ནང་རྒྱལ་སྤྱིའི་ཚོང་དོན་ལ་འགོག་རྐྱེན་བཟོ་བའི་ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་ཚུད་ཡོད་པ་རེད།
ཧུང་ཏུ་ར་སིའི་ཙུང་ཐུང་ཁ་སི་ཐེ་ལུའོ་ཡིས་འགོ་ཚུགས་ཤིས་ཚིག་གནང་སྐབས། ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་བྱས་ནས་ཨ་རིའི་ཕྱོགས་རྐྱང་པའི་བྱེད་ཐབས་ལས་བྱུང་བའི་ཟང་ཟིང་གི་དུས་བབ་ལ་ཁ་གཏད་གཅོག་དགོས་པའི་རེ་འབོད་བྱས་པ་རེད། ཁ་སི་ཐེ་ལུའོ་ཡིས། “གནས་སྐབས་འདིར། མཐུན་སྒྲིལ་ལས་གལ་འགངས་ཆེ་བ་ཞིག་མེད་པས། ཨ་རི་ལྟ་བུའི་རྒྱལ་ཁབ་ཆེན་པོས་ང་ཚོའི་ཁེ་ཕན་སྣང་མེད་དུ་བཞག་ནས་ཁོང་ཚོའི་དཔལ་འབྱོར་གྱི་མངའ་ཁོངས་བསྐྱར་དུ་རྒྱ་བསྐྱེད་བྱེད་བཞིན་ཡོད། དུས་བབ་དེའི་མདུན་དུ་ང་ཚོས་རང་རང་གི་ཆབ་སྲིད་ཁེ་ཕན་ཁོ་ན་དོན་གཉེར་བྱས་ན་མི་འགྲིག”ཅེས་གསུངས་པ་རེད།
ཁུ་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི-ཁ་ནེར་གྱིས། “ཨ་རི་སྲིད་གཞུང་གི་བྱེད་སྟངས་དེ་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱབ་འགལ་བྱས་ནས་རྒྱལ་ཁབ་ཁག་དབར་ཞི་བདེ་མཉམ་གནས་དང་བདག་དབང་འདྲ་མཉམ་ཡིན་པ་སོགས་ཀྱི་གཞི་རྩའི་རྩ་དོན་སྣང་མེད་དུ་བཏང་ཡོད། ཨ་རིའི་ཕྱོགས་རྐྱང་པའི་བྱ་སྤྱོད་ཀྱི་དམིགས་ཡུལ་ནི་རྒྱལ་ཁབ་གཞན་ལ་བསླུ་བྲིད་དང་ཚོད་འཛིན་བྱེད་པའི་བྱེད་སྟངས་རྒྱུན་ལྡན་ཅན་དུ་འགྱུར་བ་བྱ་རྒྱུ་དེ་རེད་”ཅེས་གསུངས་པ་རེད།
ཉིན་དེར་རྒྱལ་ཁབ་མང་པོའི་འགོ་ཁྲིད་པས་དབུ་ཚོགས་ཐོག་གཏམ་བཤད་སྤེལ་ནས་ཨ་རིའི་ཕྱོགས་རྐྱང་པའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་པ་རེད། པར་ཙིར་གྱི་ཙུང་ཐུང་ལུའུ་ལ་ཡིས། ཨ་རི་སྲིད་གཞུང་གི་“རང་སྣང་གང་ཤར་ངང་སྒོ་ཁྲལ་བསྡུ་བའི”བྱེད་སྟངས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོར་གྱི་བརྟན་ལྷིང་ལ་གཏོར་བཤིག་བཏང་བ་དང་ཨ་རི་ཕྱོགས་ཀྱིས་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་ས་ཁུལ་དུ་བཙན་དབང་རྙིང་པ་སླར་གསོ་བྱ་རྒྱུའི་རེ་ངན་བཅངས་ཡོད་ཅེས་གསུངས་པ་རེད།
པོ་ལི་ཝེ་ཡའི་ཙུང་ཐུང་ཨར་སའེ་ཡིས། རིམ་འདས་རྒྱལ་ཁབ་ཆེན་པོས་སྲུང་སྐྱོང་རིང་ལུགས་གསར་པ་ལག་བསྟར་བྱས་ནས་རྒྱལ་ཁབ་གཞན་གྱི་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།