སློབ་ཕྱིའི་གསོ་སྦྱོང་ཚན་པ་རྒྱལ་ཡོངས་ལས་སྟེགས་སུ་ཞུགས་པ།
ཉེ་ཆར། སློབ་གསོ་པུས《རྒྱལ་ཡོངས་ཀྱི་སློབ་ཕྱིའི་སློབ་གསོ་གསོ་སྦྱོང་ལྟ་སྐུལ་དོ་དམ་དང་ཞབས་ཞུའི་ཕྱོགས་བསྡུས་སྟེགས་བུའི་བཀོལ་སྤྱོད་དོ་དམ་བྱ་ཐབས》(གཤམ་དུ་《བྱ་ཐབས》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད། 《བྱ་ཐབས》ཀྱིས་རྒྱལ་ཡོངས་ཀྱི་སློབ་ཕྱིའི་སློབ་གསོ་གསོ་སྦྱོང་ལྟ་སྐུལ་དོ་དམ་དང་ཞབས་ཞུའི་ཕྱོགས་བསྡུས་སྟེགས་བུ་(གཤམ་དུ་རྒྱལ་ཡོངས་ལས་སྟེགས་ཞེས་བསྡུ་རྒྱུ)ཡིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་ལྟ་སྐུལ་དོ་དམ་འདེགས་སྐྱོར་བྱེད་པའི་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བྱ་རྒྱུར་དམིགས་ནས། ཁྱིམ་བདག་དང་སློབ་མ་དེ་བཞིན་ཕྱོགས་ཁག་གི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་ཤུགས་ཆེན་བྱས་ཡོད།
《བྱ་ཐབས》ནང་རྒྱལ་ཡོངས་ལས་སྟེགས་ཀྱི་བྱེད་ནུས་གཏན་འཁེལ་བྱས་ཏེ། གཞི་ཁྱོན་ཆེ་བའི་བཀོལ་སྤྱོད་ལ་སྐུལ་འདེད་བཏང་ཡོད། རྒྱལ་ཡོངས་ལས་སྟེགས་ནི་རྒྱལ་ཡོངས་གཅིག་གྱུར་གྱི་སློབ་ཕྱིའི་གསོ་སྦྱོང་གི་སྤྱི་པའི་ཞབས་ཞུའི་སྟེགས་བུ་ཞིག་ཡིན་པ་དང་། དྲ་ཚིགས་གཅིག(གཞུང་ཕྱོགས་དྲ་ཚིགས)དང་སྣེ་གསུམ(ཁྱིམ་བདག་གི་སྣེ་Appདང་། ལས་ཁུངས་ཀྱི་སྣེ་App དོ་དམ་གྱི་སྣེ་App)བརྒྱུད། སློབ་ཕྱིའི་གསོ་སྦྱོང་གི་བརྒྱུད་རིམ་ཡོངས་ལ་ལྟ་སྐུལ་དོ་དམ་དང་ཞབས་ཞུར་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱེད་པ་དང་། ཁྱིམ་བདག་དང་སློབ་མས་རྒྱལ་ཡོངས་ལས་སྟེགས་བརྒྱུད་སློབ་ཚན་འདེམས་པ་དང་དངུལ་སྤྲོད་པ། གྲོན་དངུལ་སློག་པ། དཔྱད་འཇོག་བྱེད་པ། ཞུ་གཏུག་བཅས་བྱས་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་པ། གསོ་སྦྱོང་ཚན་པས་སྲིད་ཇུས་ཀྱི་བླང་བྱ་དང་ལག་རྩལ་གྱི་ཚད་གཞི་གཞིར་བཟུང་ཐད་ཀར་རྒྱལ་ཡོངས་ལས་སྟེགས་སུ་ཞུགས་པའམ་ཡང་ན་མ་ལག་དེ་རྒྱལ་ཡོངས་ལས་སྟེགས་སུ་སྦྲེལ་བ་དང་། རྒྱལ་ཡོངས་ལས་སྟེགས་བརྒྱུད་འབྲེལ་ཡོད་སློབ་ཚན་དང་ཞབས་ཞུ་ངོ་སྤྲོད་དང་འགྲེམས་སྟོན། ཕྱིར་ཚོང་བཅས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། གཙོ་གཉེར་སྡེ་ཚན་གྱིས་རྒྱལ་ཡོངས་ལས་སྟེགས་ལ་བརྟེན་ནས་འགྲོ་གྲོན་སྔོན་བསྡུར་ལྟ་སྐུལ་དོ་དམ་བྱེད་པ་དང་ཉེན་ཟོན་སྔོན་བརྡ་གཏོང་བ། ཁྲིམས་འཛིན་ལྟ་སྐུལ་སོགས་ཀྱི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བཅས་བྱས་ཏེ། སློབ་ཕྱིའི་གསོ་སྦྱོང་ལྟ་སྐུལ་དོ་དམ་གྱི་གྲངས་གཞིའི་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ནན་སྟོན་བྱས་ཡོད།
《བྱ་ཐབས》ནང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁྲི་དང་དབང་ཚད་ཁ་གསལ་བཟོས་ནས། མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ལ་སྐུལ་འདེད་བཏང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་རྒྱལ་ཡོངས་ལས་སྟེགས་འཛུགས་སྐྲུན་ལེགས་གཏོང་དང་འཁོར་སྐྱོད་སྲུང་སྐྱོང་ལ་འགན་འཁུར་བ་དང་། འབྲེལ་ཡོད་སྲིད་ཇུས་དང་ཆ་སྦྱོར་ཡིག་ཆ་འཐུས་ཚང་དུ་གཏོང་བ། གཅིག་གྱུར་གྱི་ལག་རྩལ་ཚད་གཞི་གཏན་འབེབས་བཅས་བྱེད་དགོས་པ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་གཙོ་གཉེར་སྡེ་ཚན་གྱིས་རང་སོའོ་ས་ཁོངས་ནང་གི་རྒྱལ་ཡོངས་ལས་སྟེགས་ཁྱབ་སྤེལ་དང་བེད་སྤྱོད་གཏོང་བར་འགན་འཁུར་ནས། རང་སོའི་ས་ཁོངས་ནང་ཁུལ་གྱི་དྲ་ཐོག་དང་དྲ་འོག་གི་གསོ་སྦྱོང་ཚན་པ་ཚང་མ་རྒྱལ་ཡོངས་ལས་སྟེགས་ཀྱི་བརྒྱུད་རིམ་ཡོངས་ཀྱི་ལྟ་སྐུལ་དོ་དམ་ནང་འཇུག་དགོས་པ། དངུལ་ཁང་སོགས་མ་དངུལ་ལྟ་སྐུལ་དོ་དམ་ཚན་པ་དང་འབྲེལ་ཡོད་བཀོལ་སྤྱོད་ཕྱོགས་སོགས་ཀྱིས་གཅིག་གྱུར་གྱི་ལག་རྩལ་ཚད་གཞི་གཞིར་བཟུང་རྒྱལ་ཡོངས་ལས་སྟེགས་དང་འཚམ་སྒྲིག་བྱས་ཏེ། གཞི་གྲངས་འབྲེལ་མཐུད་ཐུབ་རྒྱུ་མངོན་འགྱུར་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།
《བྱ་ཐབས》ནང་རིམ་དབྱེ་ཞབས་ཞུའི་འགན་སྲུང་མ་ལག་བཟོས་ནས། ཞབས་ཞུའི་འདེགས་སྐྱོར་ཆུ་ཚད་མཐོ་རུ་བཏང་ཡོད། རྒྱལ་ཡོངས་ལས་སྟེགས་ཀྱིས་ཆེད་དོན་ཞབས་ཞུའི་ཚོགས་པ་བཙུགས་ནས། ཞབས་ཞུའི་འགན་སྲུང་མ་ལག་འཛུགས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། དུས་བཀག་ལྟར་འབྲེལ་ཡོད་གསོ་སྦྱོང་སྒྲིག་འཛུགས་བྱེད་པ། རིམ་པ་ཁག་དང་རིགས་ཁག་གི་སྤྱོད་མཁན་གྱི་ལག་རྩལ་འབྲེལ་མཐུད་སོགས་ཀྱི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་པའི་འགན་འཁུར་བ་བཅས་བྱེད་པ་དང་། རིམ་པ་ཁག་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་འབྲེལ་ཡོད་དོ་དམ་སྡེ་ཚན་གྱིས་དེ་མཚུངས་ཀྱི་མི་སྣའི་ཞབས་ཞུ་མཁོ་འདོན་བྱས་ཏེ། རང་སོའི་ས་ཁོངས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྲིད་ཇུས་གསལ་འགྲེལ་དང་། གསོ་སྦྱོང་སྒྲིག་གཞིའི་དོ་དམ། ཁྱིམ་བདག་དང་སློབ་མས་བཀོལ་སྤྱོད་སོགས་ཐད་ཀྱི་ཞབས་ཞུའི་འགན་ལེན་གྱི་འགན་འཁུར་དགོས་པ། གསོ་སྦྱོང་ཚན་པས་ཆེད་དོན་ཞབས་ཞུ་མཁོ་འདོན་བྱེད་དགོས་པ། འབྲེལ་ཡོད་ཕྱོགས་ཁག་གིས་འབྲེལ་ཡོད་ནང་དོན་དང་འབྲེལ་བ་ཡོད་པའི་ཞབས་ཞུའི་འགན་ལེན་གྱི་འགན་འཁུར་ནས། རྒྱལ་ཡོངས་ལས་སྟེགས་ཀྱི་ཞབས་ཞུའི་འགན་ལེན་ཆུ་ཚད་ཐུན་མོང་ཐོག་མཐོ་རུ་གཏོང་དགོས་ཀྱི་ཡོད་པ་རེད།
《བྱ་ཐབས》ནང་འབྲེལ་ཡོད་ཚན་པས་རྒྱལ་ཡོངས་ལས་སྟེགས་ལ་བརྟེན་ནས་མ་དངུལ་ལྟ་སྐུལ་དོ་དམ་སྒྲིག་གཞི་དང་མཉམ་དུ་རྒྱལ་ཁབ་ཀྱི་མ་དངུལ་ལྟ་སྐུལ་དོ་དམ་གྱི་བླང་བྱ་དོན་འཁྱོལ་བྱེད་པ་དང་། གསོ་སྦྱོང་ཚན་པའི་ཡིད་རྟོན་ལྟ་སྐུལ་དོ་དམ་མ་ལག་བཙུགས་ཏེ། སློབ་ཕྱིའི་གསོ་སྦྱོང་རིག་ནུས་ཅན་གྱི་ལྟ་སྐུལ་དོ་དམ་གྱི་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས། ལྟ་སྐུལ་དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་དགོས་པ་དང་། འབྲེལ་ཡོད་བྱེད་པོ་གཙོ་བོ་ཁག་དང་འབྲེལ་ཡོད་ཕྱོགས་ཁག་གིས་ཆ་འཕྲིན་བདེ་འཇགས་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ། གཞི་གྲངས་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འབྲེལ་ཡོད་གཞི་གྲངས་བེད་སྤྱོད་བྱས་ནས་ཆ་འཕྲིན་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།
《བྱ་ཐབས》ནང་མཐོ་སློབ་དང་ཚན་ཞིབ་ཚན་པ། ལས་རིགས་ཁེ་ལས་སོགས་སྤྱི་ཚོགས་སྟོབས་ཤུགས་ཀྱིས་སློབ་ཕྱིའི་གསོ་སྦྱོང་ལྟ་སྐུལ་དོ་དམ་དང་ཞབས་ཞུར་མཁོ་བའི་ཐོན་ཁུངས་དང་ལག་རྩལ། ཞབས་ཞུ་བཅས་ལ་སྤྱི་ཕན་རྒྱབ་སྐྱོར་བྱ་རྒྱུར་སྐུལ་ལྕག་བྱས་ཏེ། སློབ་ཕྱིའི་གསོ་སྦྱོང་ལྟ་སྐུལ་དོ་དམ་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ་དང་། “ཉུང་འཕྲི་གཉིས”ཀྱི་སྲིད་ཇུས་གཏིང་ཟབ་དང་ཏན་ཏིག་ངང་ལག་བསྟར་བྱེད་པར་ཡུན་རིང་འདེགས་སྐྱོར་བྱེད་དགོས་ཞེས་བཏོན་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
སྒྲིག་སྒྱུར། ལྷ་སྟག་མཚོ།