ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

​​▶​བོད་རིགས་དྲ་གྲགས་ཚེ་རིང་ཆོས་སྐྱིད་ཀྱི་ལང་ཚོའི་བཀྲག་མདངས།

2024-05-02 11:43:00     责编:娜科

ཚེ་རིང་ཆོས་སྐྱིད། དྲ་མིང་ལ་ཁུའེ་སན་(逵三)ཟེར། སྤྱི་ལོ་2000ལོར་བོད་ལྗོངས་ལྷ་སར་སྐྱེས། 2022ལོར་ཧྭ་ནན་རང་བྱུང་བཟོ་ལས་སློབ་གྲྭ་ཆེན་མོའི་སྨྱན་སྦྱོར་བརྒྱུད་སྤེལ་ཆེད་ལས་ནས་མཐར་ཕྱིན། མིག་སྔར་དྲ་བའི་པོད་བདག་དང་ཤོམ་པའི་ལས་ཀ་བྱེད། 

 

 

ཚེ་རིང་ཆོས་སྐྱིད་ནི་དྲ་བའི་ཐོག་མིང་གྲགས་ཆེ་ཙམ་ལྡན་པའི་བོད་རིགས་གཞོན་སྐྱེས་ཤོམ་པ་དང་དྲ་བའི་པོད་བདག་ཅིག་ཡིན་ཞིང་། ཁོང་མོར་ཐུན་མིན་ཁྱད་ཆོས་ལྡན་པའི་བྱད་བཞིན་དང་། རིག་གནས་ཀྱི་རྨང་གཞི་ལེགས་པོ། སྨྱན་སྦྱོར་བརྒྱུད་སྤེལ་གྱི་རྨང་གཞིའི་རྩལ་ནུས། ས་ཕྱོགས་གང་སར་སྐྱོད་མྱོང་བའི་ལྟ་རྒྱ་ཐོས་རྒྱ། ཕུགས་འདུན་དོན་དུ་གཉེར་བའི་འདུན་པ་དྲག་པོ། དེ་བས་ཀྱང་བྱ་བ་སྣ་ཚོགས་སྒྲུབ་ཕོད་པའི་བློ་གཤོགས་དང་། བསྒྲུབས་ན་ལེགས་པར་སྒྲུབ་པའི་ནན་ཏན་གྱི་གཤིས་ཀ་བཅས་ཡོད་པའི་དབང་གིས་རང་གི་ན་ཚོད་ལ་དཔག་པའི་གྲུབ་འབྲས་ངེས་ཅན་ཐོབ་ཡོད་ལ། དྲ་བའི་ཐོག་ཏུའང་ཁོང་ལ་དགའ་ཞེན་དང་ཡི་རངས་བསྔགས་བརྗོད་བྱེད་མཁན་ཡང་མི་ཉུང་བ་ཞིག་ཡོད། ན་གཞོན་ཁོང་གི་གཤིས་སྤྱོད་ལས་ཀྱང་དུས་རབས་གསར་པའི་གངས་ལྗོངས་ཀྱི་གཞོན་སྐྱེས་ཚོའི་དཀའ་སྤྱད་འབད་འཐབ་དང་། ཡར་རྒྱས་བརྩོན་ལེན། གསར་གཏོད་གསར་སྐྲུན། ཞུམ་མེད་མདུན་སྐྱོད་བཅས་ཀྱི་ཉམས་བཟང་མངོན་གྱི་ཡོད། 

 

 

“ང་རང་ཧྲང་ཧའེ་རུ་སླེབས་རྗེས་འདི་ནས་རང་ཉིད་དང་ན་ཚོད་འདྲ་བའི་མི་མང་པོ་ངོ་ཤེས་གྲོགས་འདྲིས་བྱུང་། གྲོགས་པོ་གྲོགས་མོ་མང་པོ་ངོ་ཤེས་པའི་རྗེས་ག་ལེར་གྲོང་ཁྱེར་འདིར་བརྩེ་བར་གྱུར་སོང་། ནམ་རྒྱུན་ལས་ཀར་འགྲོ་སྐབས་མི་སྣ་ཚོགས་ངོ་ཤེས་ཀྱི་འདུག དེ་དག་དང་འབྲེལ་འདྲིས་བྱེད་པའི་བརྒྱུད་རིམ་ནང་རང་ཉིད་ཀྱི་ལྟ་རྒྱ་ཐོས་རྒྱ་ཇེ་ཆེར་འགྲོ་ཡི་འདུག ”

“དེ་སྔ་ང་རང་ཁྲོམ་ལ་འགྲོ་སྐབས་ཚོང་རའི་ནང་གི་བརྡ་ཁྱབ་པར་རིས་ཆེན་པོ་དེ་དག་མཐོང་དུས། ང་རང་གི་འདྲ་པར་ཡང་འདི་ལྟར་སྟོན་ཐུབ་ན་ཅི་མ་རུང་སྙམ་གྱི་ཡོད། ཕྱིས་སུ་རང་ཉིད་ཀྱི་པར་ཡང་བརྡ་ཁྱབ་བརྙན་པར་ཁག་གི་ནང་ནས་མཐོང་དུས་སེམས་ལ་སྤྲོ་བ་ཆེན་པོ་སྐྱེ་ཡི་འདུག ངའི་བསམ་པར་རང་ཉིད་ལ་ཕུགས་འདུན་ཡོད་ཚེ་དེར་དམིགས་ནས་འབད་པ་ལྷུར་ལེན་བྱས་ན་ཕུགས་འདུན་དེ་ཡིད་བཞིན་འགྲུབ་པའི་དུས་ཤིག་འཆར་ངེས་སྙམ། ”

 

 

“མི་མང་པོས་ཤོམ་པའི་ལས་ཀ་འདི་ནི་བཀྲག་མདངས་འཚེར་བའི་དུས་ཚོད་ཐུང་ངུ་ཙམ་ལས་མེད་པའི་ལས་རིགས་ཤིག་ཏུ་ངོས་འཛིན་བྱེད། ཡིན་ནའང་ངའི་བསམ་ཚུལ་ལྟར་ན། མི་ཞིག་གི་མི་ཚེའི་ན་ཚོད་མི་འདྲ་བར་ན་ཚོད་མི་འདྲ་བའི་མཛེས་པ་དང་ཡིད་དབང་འགུག་ཤུགས་ལྡན། དེས་ན་རང་ཉིད་ན་ཚོད་གང་ཞིག་ལ་སླེབས་སྐབས་ན་ཚོད་དེའི་མཛེས་པ་མངོན་པར་བྱ་དགོས་སྙམ།  ”

 

 

“ངས་འཇོན་པའི་བྱ་བ་ཞིག་ཡིན་ཚེ་མི་གཞན་ལ་རེ་བཅོལ་སྐྱབས་འཇུག་ཐུགས་སུན་ཅི་ཡང་མི་ཞུ། འཁྱུགས་དབྱིངས་སོགས་སུ་སྤེལ་བའི་ངའི་བརྙན་ཐུང་མང་ཆེ་བ་ཡང་ང་རང་གཅིག་པུས་པར་ལེན་སྒྲིག་བཟོ་བྱས་པ་ཤ་སྟག་ཡིན། ” 

“ཚེ་སྲོག་ནི་རྟག་པ་ཞིག་མིན། ཡིན་ནའང་དེ་རིང་གི་མིག་མདུན་གྱི་འཚོ་བ་དང་ལས་ཀར་ལེགས་པར་རོལ་ནས་དེ་རིང་གི་ཚེ་སྲོག་ལས་དེ་རིང་གི་བཀྲག་མདངས་འཚེར་བར་བྱེད་བཞིན་ཡོད། རང་ཉིད་ལ་ཆུང་ཆུང་མ་ཡིན་པའི་སྙིང་སྟོབས་སམ་བློ་སྤོབས་ཤིག་མངའ་བའི་དབང་གིས་ང་རང་བྱ་བ་སྣ་ཚོགས་ཉམས་སུ་མྱོང་བར་འདོད། ”

 

 

“རྒྱལ་ཁབ་ཕྱི་ནང་གི་གྲོང་དང་གྲོང་ཁྱེར་གང་སར་ང་རང་ལས་ཀ་དང་། ཡུལ་སྐོར། འཚོ་སྡོད་བྱེད་པར་འགྲོ་བ་ནི་ངའི་འཚོ་བའི་རྒྱུན་རྣམ་ཡིན། ”

“འཇིག་རྟེན་འདིའི་ཐོག་དགའ་སྐྱོ་ཆགས་སྡང་དབང་གིས་གནོན་ཤུགས་སྣ་ཚོགས་འཕྲད་སྲིད། དེས་ན་ང་རང་རྟག་པར་རང་བྱུང་ཁམས་ཀྱི་པང་དུ་ལོག་ནས་རང་བྱུང་ཁམས་ཀྱི་བྱིན་རླབས་ཞུ་ཡི་ཡོད། རི་འཛེགས་པ་དང་། རྐང་ཐང་དུ་འགྲོ་བ། ཕ་ཡུལ་གྱི་ཆེས་དག་གཙང་གི་མཁའ་རླུང་རྔུབ་པར་འགྲོ་བ་སོགས་ཀྱང་ངའི་དགའ་ཕྱོགས་ཤིག་ཡིན།  ”

“ལས་ཀའི་ཐད་གོ་སྐབས་ཐོབ་སྐབས་དམ་འཛིན་བྱས་ནས་ལེགས་པར་སྒྲུབ་ཀྱི་ཡོད། མ་ཟད་ད་ལྟ་ང་ལོ་ཆུང་ཆུང་ཡིན་པས་ལས་ཀ་ཅི་ཞིག་བསྒྲུབས་ཀྱང་ལེགས་པར་བསྒྲུབ་དགོས། ད་དུང་ང་ས་ཆ་མང་པོར་བལྟ་བར་འགྲོ་འདོད། ད་ལྟ་ང་འགོ་ཚུགས་ཙམ་ཡིན།”

“དུས་རབས་གསར་པ་འདིས་ང་ཚོར་རང་ཉིད་ཡར་རྒྱས་གཏོང་ས་དང་རང་ཉིད་ཀྱི་འཇོན་ཐང་ངོམས་སའི་གར་སྟེགས་ཡག་པོ་ཞིག་གནང་ཡོད།  ང་རང་གིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འདི་ཚོ་བེད་སྤྱོད་ཡག་པོ་ཞིག་བཏང་ནས། གཅིག་ནས་རང་ཉིད་ཀྱི་མི་ཚེའི་རིན་ཐང་བརྩོན་ལེན་དང་། གཉིས་ནས་སྤྱི་ཚོགས་ཀྱི་དྲིན་ལན་འཇལ་ཐུབ་པ་བྱ་རྒྱུ་ཡིན། ”

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

​​▶​བོད་རིགས་དྲ་གྲགས་ཚེ་རིང་ཆོས་སྐྱིད་ཀྱི་ལང་ཚོའི་བཀྲག་མདངས།