ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

​​▶ཕ་ལེ་སི་ཐན་རྒྱལ་ཁབ་འཛུཊ་རྒྱུར་མོས་མཐུན་བྱེད་མཁན་མང་དུ་་་

2024-05-02 11:45:00     责编:娜科

ཕ་ལེ་སི་ཐན་རྒྱལ་ཁབ་འཛུཊ་རྒྱུར་མོས་མཐུན་བྱེད་མཁན་མང་དུ་འགྲོ་དོན་ཅི་ཡིན།

 

 

རྒྱལ་ཁབ་མང་པོས་ཕ་ལེ་སི་ཐན་རྒྱལ་ཁབ་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་དོན་ཅི་ཡིན།

ཉེ་དུས། ཡ་མེ་ཀའི་ཕྱི་འབྲེལ་པུས་གསལ་བསྒྲགས་ཤིག་སྤེལ་ནས་ཕ་ལེ་སི་ཐན་རྒྱལ་ཁབ་དངོས་སུ་ཁས་ལེན་བྱས་ཡོད། ཉེ་ལམ། སུའེ་ཏན་དང་ཅེ་ཁེ། ཧང་ག་རི་སོགས་རྒྱལ་ཁབ་ཀྱིས་ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས་རྗེས། སེ་ཕན་དང་ཨིར་ལན། མར་ཐ། སི་ལོ་ཝུན་ནེ་ཡ་སོགས་རྒྱལ་ཁབ་ཀྱིས་ཀྱང་ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱ་ཚུལ་བསྟན་ཡོད། ཐ་ན། རྒྱལ་ཁབ་བདུན་ཚོགས་པའི་ཁོངས་གཏོགས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཧྥ་རན་སི་དང་དབྱིན་ཇི་ཡིས་ཀྱང་ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱ་རྒྱུར་བསམ་གཞིག་བྱ་བཞིན་ཡོད་ཅེས་བསྟན་ཡོད། མིག་སྔར། འཛམ་གླིང་ཁྱབ་ཁོངས་སུ་རྒྱལ་ཁབ་ག་ཚོད་ཀྱིས་ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱེད་བཞིན་ཡོད་དམ།  ཕ་ལེ་སི་ཐན་རྒྱལ་ཁབ་འཛུགས་རྒྱུར་མོས་མཐུན་བྱེད་མཁན་མང་དུ་འགྲོ་དོན་ཅི་ཡིན་ནམ། ཡང་སུ་ཞིག་གིས་ཕ་ལེ་སི་ཐན་བའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་གི་རང་བཙན་རྒྱལ་ཁབ་འཛུགས་པའི་ཕུགས་བསམ་ལ་རྡོག་རོལ་གཏོང་བཞིན་ཡོད་དམ།

 

 

དྲི་བ་དང་པོ། འཛམ་གླིང་ཁྱབ་ཁོངས་སུ་རྒྱལ་ཁབ་ག་ཚོད་ཀྱིས་ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱེད་བཞིན་ཡོད་དམ།

པ་རེན་གྱི་རྒྱལ་པོ་ཧ་མ་ཏེས། ཆབ་སྲིད་ཀྱི་ལམ་ནས་ས་ཁུལ་ཡུན་རིང་ཞི་བདེ་ཡོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད། 

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་ཞུགས་ཨེར་ཅི་རི་ཡའི་ལས་རོགས་འཐུས་མི། ན་ཤི་མུའུ་ཁ་ཨུ་ཝུ་ཝུའེ་ཡིས། རང་བཙན་གྱི་ཕ་ལེ་སི་ཐན་རྒྱལ་ཁབ་བཙུགས་ནས་ཕ་ལེ་སི་ཐན་བ་རྣམས་རང་ཁྱིམ་དུ་ལོག་པའི་དབང་ཆར་འགན་ལེན་བྱེད་དགོས་ཞེས་གསུངས། 

མཚོ་ཁུག་དུས་རབས་ཚགས་པར་གྱིས་སྤྱི་ཚེས་24ཉིན་སྤེལ་བའི་གནས་ཚུལ་ལྟར་ན། མིག་སྔའི་དུས་མཚམས་སུ་རྒྱལ་ཁབ་142ཀྱིས་ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱེད་བཞིན་ཡོད་པ་རེད།

 

 

དྲི་བ་གཉིས་པ། རྒྱལ་ཁབ་མང་པོས་ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས་པ་དེར་དོན་སྙིང་ཅི་ཞིག་ལྡན་ཡོད་དམ།

ཉིང་ཞ་སློབ་ཆེན་གྱི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་བ། ནེའུ་ཤིན་ཁྲུན་གྱིས། རེས་སྐོར་འཁོར་་འདིདེའི་ཕ་དབྱི་གདོང་ཐུག་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕ་ལེ་སི་ཐན་རང་བཙན་རྒྱལ་ཁབ་བཙུགས་ན་ད་གཟོད་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་དངོས་སུ་མཇུག་འགྲིལ་ཐུབ་པ་དང་། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་དབར་གདོང་ཐུག་ཡང་ཡང་ཤོར་བའི་ལོ་རྒྱུས་ལའང་རྫོགས་ཚིག་གཅིག་འགོད་ཐུབ་པའི་ངེས་ཤེས་བྱུང་ཡོད། དབྱི་སི་རལ་གྱིས་ཕ་ལེ་སི་ཐན་ནས་དམག་མི་ཡོངས་རྫོགས་ཕྱིར་འཐེན་མཐར་ཕྱིན་བྱེད་པ་དང་དམག་ཤུགས་ལ་བརྟེན་ནས་ཕ་ལེ་སི་ཐན་བཙན་བཟུང་བྱེད་མཚམས་བཞག་སྟེ་ཕ་ལེ་སི་ཐན་གྱིས་རྒྱལ་ཁབ་འཛུགས་སུ་བཅུག་པ་དང་། ཕ་ལེ་སི་ཐན་བས་ཕ་ལེ་སི་ཐན་ལ་དོ་དམ་བྱེད་པ་དང་དབྱི་སི་རལ་བས་དབྱི་སི་རལ་ལ་དོ་དམ་དུ་བྱེད་དུ་བཅུག་ན་ད་གཟོད་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་ཞི་བདེ་མཉམ་གནས་ཡོང་ཐུབ་ཅེས་བསྟན་ཡོད།

 

 

དྲི་བ་གསུམ་པ། ཕ་ལེ་སི་ཐན་བས་རྒྱལ་ཁབ་འཛུགས་པར་འགོག་རྐྱེན་གང་ཞིག་འཕྲད་ཡོད་དམ།

སྤྱི་ལོ་2021ལོའི་ཟླ་བ་9པར། ཕ་ལེ་སི་ཐན་གྱིས་སྐབས་དེའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅིན་ཝུན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཏུ་འགྱུར་བ་བྱ་རྒྱུའི་རེ་འདུན་ཞུ་ཡིག་དངོས་སུ་ཕུལ་རུང་། ཞུ་ཡིག་དེར་ཨ་རི་དང་དབྱི་སི་རལ་གྱི་འགོག་རྐྱེན་ཆེན་པོ་འཕྲད་ཡོད། ཨ་རིས་ཕ་དབྱི་ཕྱོགས་གཉིས་པོའི་དབར་སྔོན་ལ་གྲོས་མཐུན་ཡོང་དགོས་ཞེས་བསྟན་པ་མ་ཟད་ཐ་ན་འདེམས་ཤོག་གཅིག་གིས་ཁས་ལེན་མི་བྱེད་པའི་དབང་ཆ་སྤྱོད་རྒྱུའི་འཇིགས་སྣང་བསྐུལ་བས། མཐར་ཕ་ལེ་སི་ཏན་གྱི་རེ་འདུན་ཞུ་ཡིག་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་འདས་ཐག་གཅོད་རྒྱུར་སྐྱེལ་ཐུབ་མེད། 

 

 

སྐབས་དེའི་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ། ཁ་ཉིས།  མཉམ་འབྲེལ་རྒྱལ་ཚོགས་ལ་བརྟེན་ནས་ཕ་ལེ་སི་ཐན་ལ་རྒྱལ་ཁབ་ཀྱི་གནས་བབ་ཐོབ་མི་སྲིད་ཅེས་བསྟན་ཡོད།  ལོ་ངོ་13གྱི་རྗེས་ཏེ།  ད་ལོའི་སྤྱི་ཟླ་4ཚེས་18ཉིན། ཨ་རིས་སླར་ཡང་ཁ་གཡར་ས་གཅིག་གི་ཐོག་ནས་ཕ་ལེ་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུགས་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་འཆར་ཟིན་ལ་མོས་མཐུན་མེད་པའི་འདེམས་ཤོག་འཕངས་ཡོད།

 

 

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་ཞུགས་ཨ་རིའི་འཐུས་ཚབ་གཞོན་པ། རོ་པོ་ཐེ་ཝུའུ་ཏེས།  ཨ་རིས་མུ་མཐུད་དེ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་རྒྱབ་སྐྱོར་བྱེད་བཞིན་ཡོད། ད་ཐེངས་མོས་མཐུན་མེད་པའི་འདེམས་ཤོག་འཕངས་པ་དེ་ནི་ཕ་ལེ་སི་ཐན་རྒྱལ་ཁབ་འཛུགས་རྒྱུར་མོས་མཐུན་མེད་པ་མ་ཡིན། དེ་ལས་ལྡོག་སྟེ། ང་ཚོས་ཕ་ལེ་སི་ཐན་རྒྱལ་ཁབ་འཛུགས་རྒྱུར་མོས་མཐུན་བྱེད་བཞིན་ཡོད།  ཕ་ལེ་སི་ཐན་དང་དབྱི་རི་སལ་དབར་གྱི་ཐད་ཀའི་གྲོས་མོལ་ཁྲོད་གྲོས་མཐུན་བྱུང་ན་ཡག་ཤོས་རེད་ཅེས་བསྟན་ཡོད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ལྷག་པ།

སྒྲིག་སྒྱུར།  བྱམས་པ་ཚེ་རིང་།

中央广播电视总台 央广网 版权所有

​​▶ཕ་ལེ་སི་ཐན་རྒྱལ་ཁབ་འཛུཊ་རྒྱུར་མོས་མཐུན་བྱེད་མཁན་མང་དུ་་་