ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

​​▶ན་གཞོན་བཟའ་ཟླའི་བརྩོན་པས་བསྐྱེད་པའི་བདེ་སྐྱིད་འཚོ་བ།

2024-05-02 11:44:00     责编:娜科

དཔྱིད་ཆར་འབབ་ཐེངས་རེར། མཐོ་སྒང་གི་གནའ་མཁར་ཟི་ལིང་འདིར་ཁྲུས་གསོལ་ཐེངས་ཤིག་བྱས་ཀྱང་མགོ་ནག་མི་ལ་འཁྱག་བསིལ་བསིལ་གྱི་སྣང་བ་ཞིག་ལྷང་གིས་སྟེར། ཕ་ཡུལ་ཀན་ལྷོ་བསང་ཆུ་རྫོང་ནས་ཡིན་པའི་སངས་རྒྱས་འཚོ་བཟའ་ཟླ་གཉིས་ལ་མཚོན་ན། ཕྱི་རོལ་ཡུལ་གྱི་འགྱུར་ལྡོག་ལ་མྱོང་རོལ་བྱེད་ཁོམ་མེད་པར། ཟི་ལིང་གྲོང་ཁྱེར་གྱི་ཚོང་འདུས་ཆེན་མོའི་ཡ་གྱལ་བོད་མིའི་ཁྲོམ་གཞུང་ཞིག་ཏུ་རང་གིས་གཉེར་བའི་ཚོང་ཁང་ཆུང་ངུ་ཞིག་ནང་དགའ་བའི་ལས་གཞོལ་བ་དང་ཕྱོགས་བཞིའི་མགྲོན་ལ་བསུ་བ་ཞུ་བཞིན་མཆིས།

 

སངས་རྒྱས་འཚོས་བཅར་འདྲི་དང་ལེན་བྱེད་བཞིན་པ།

སངས་རྒྱས་འཚོ་2018ལོར་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་བོད་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན་ཞིང་། ཁོང་མོའི་ཕུགས་འདུན་ནི་སློབ་བུ་མང་པོ་ཞིག་བྱམས་ཀྱིས་སྐྱོང་བའི་དགེ་རྒན་ཞིག་བྱེད་བསམ་མོད། འོན་ཀྱང་གོ་སྐབས་ཕྲ་ཞིང་འགྲན་སློང་ཆེ་བས། ཚོང་ལས་ཀྱི་ལམ་ཁར་སྙེག་རྒྱུའི་འདུན་པ་འཆར།  2020ལོར་ཕ་མ་སྤུན་མཆེད་དང་གྲོས་མོལ་བྱས་རྗེས། ཟི་ལིང་དུ་མཆོད་ཆས་ཚོང་གཉེར་བྱེད་བཞིན་པའི་གཉེན་ཉེའི་སར་ཡོང་ནས་རེ་ཞིག་ཕྱིར་འཚོང་གི་ལས་ཀར་སློབ་སྦྱོང་བྱས།  དེའི་བརྒྱུད་རིམ་དང་ཉམས་མྱོང་ལས་རང་གི་འཇོན་ནུས་གཞན་ཞིག་གསར་དུ་རྟོགས་ཤིང་། ཚོང་གི་ལམ་དུ་འགྲིམ་པའི་ཡིད་ཆེས་ཀྱང་བསྐྱེད་ཡོད།

 

གསང་འདུས་ཀྱིས་བཅར་འདྲི་དང་ལེན་བྱེད་བཞིན་པ།

ཕ་ཡུལ་རྨ་ཆུ་ནས་ཡིན་པའི་གསང་འདུས་ཁྲེན་ཏུའུ་རུ་འགྲོ་ཐེངས་ཤིག་ལ། རྩིས་འཁོར་ཇུས་འགོད་ཀྱི་ལས་ལ་དགའ་བར་གྱུར་ཞིང་། ཟླ་བ་འགའ་ཤས་རིང་ཆེད་མངག་སློབ་སྦྱོང་བྱས་པ་བརྒྱུད། སི་ཁྲོན་དང་མཚོ་སྔོན་སོགས་སུ་ཇུས་འགོད་ཀྱི་ལས་ཀ་མང་པོ་བསྒྲུབ་ཅིང་། སི་ཁྲོན་དཀར་མཛེས་སུ་བསྐྱོད་དེ་རྩིས་འཁོར་དགེ་རྒན་བྱེད་པ་སོགས་ཀྱི་མྱོང་བརྒྱུད་ལས་ཇུས་འགོད་ཀྱི་རྩལ་ལ་རིམ་གྱིས་བྱང་ཆུབ་པར་གྱུར་ནས་ལས་སྒོ་ཡང་སྔར་བས་རྒྱ་སྐྱེད་པར་གྱུར། 2020ལོར་ཁོང་ཡང་ཟི་ལིང་གི་ཀུང་སི་ཞིག་ཏུ་ཇུས་འགོད་ཀྱི་ལས་ལ་གཞོལ་བའི་གོ་སྐབས་ཐོབ་པ་དང་། རང་ཉིད་ཀྱི་དགའ་ཕྱོགས་དང་འཆར་གཞི་དང་ཏག་ཏག་མཐུན་པས། དེ་ལྟར་ཁོང་ཡང་ཟི་ལིང་དུ་སླེབས། 2022ལོའི་ཟླ་6ཚེས་6ཉིན་གྲོགས་པོས་མཚམས་སྦྱོར་བྱས་པ་བརྒྱུད།  ཚོང་ལམ་འགྲིམ་འདོད་ཆེ་བའི་སངས་རྒྱས་འཚོ་དང་འཕྲད་ཅིང་། སེམས་དང་སེམས་པ་མཐུན་པར་གྱུར་བས་བརྩེ་དུང་གི་མེ་ཏོག་ལྷུག་པོར་བཞད་ཅིང་།  2023ལོའི་ཟླ་2པར་འཇིག་རྟེན་མཐུན་འཇུག་གི་ཆོ་ག་གཟབ་རྒྱས་ངང་བཤམས།  དེ་ནས་ཁོང་གཉིས་ཀྱིས་ཡུན་རིང་སེམས་སུ་ཉར་བའི་ཕུགས་འདུན་ཏེ་མཉམ་དུ་ཚོང་ཁང་ཞིག་བཙུགས་ནས། གསང་འདུས་ཀྱིས་ཇུས་འགོད་ཀྱི་ལས་ཀ་བསྒྲུབ་པ་དང་། སངས་རྒྱས་འཚོས་རང་གིས་ཡུན་རིང་སྦྱངས་པའི་མཆོད་ཆས་ཕྱིར་འཚོང་གི་ལས་ལ་གཞོལ་རྒྱུའི་སྟ་གོན་བྱས།  ཐོག་མའི་དུས་སུ་རང་རང་གིས་ཚོང་ཁང་བཙུགས་པའི་ཉམས་མྱོང་ཅི་ཡང་མེད་པས་དཀའ་ངལ་མི་ཉུང་ཞིག་འཕྲད་རུང་། དཔུང་པ་མཉམ་གཤིབ་ཀྱིས་དེར་ཁ་ཕྱོགས་པས་བསམ་འདུན་ཡིད་བཞིན་འགྲུབ་པ་དང་། ལོ་དེའི་ཟླ་དྲུག་པའི་ཚེས་དྲུག་ཉིན་ཨ་ཎི་ཚང་ཞེས་པའི་ཚོང་ཁང་ཆུང་ཆུང་ཞིག་གཉེར་འགོ་ཚུགས།

 

ཚོང་ཁང་ཆུང་ཆུང་འདི་ནི་90ལོའི་རྗེས་ཀྱི་གཞོན་ནུ་འདི་གཉིས་སྤྱི་ཚོགས་འགྲིམ་པའི་བརྒྱུད་རིམ་དང་། རང་རང་གི་འཇོན་ནུས་ཤེས་རྟོགས་བྱུང་རྗེས་བདམས་པའི་ལམ་བུ་ཞིག་ཡིན་ལ། རང་གི་ཕུགས་འདུན་དང་འཚོ་ཚིས་བཅོལ་ས་ཡང་ཡིན། ད་ལྟ། སངས་རྒྱས་འཚོས་ཚོང་ཁང་ནང་དུ་མཆོད་ཆ་འཚོང་བཞིན་ཡོད་ཅིང་། མཆོད་ཆས་དག་གིས་ཚོང་ཁང་གི་བར་སྟོང་མང་ཆེ་བ་ཟིན་ཡོད། ཁོང་གིས་ཚོང་ཁ་འགྲིག་པའི་ཐོག་མ་ནི་མི་ལ་ཞབས་ཞུ་ཡག་པོ་སྒྲུབ་རྒྱུ་དེ་ཡིན་ཞེས་གསུངས། གསར་འགོད་པས་བཅར་འདྲིའི་བར་གསེང་ལས་ཁོང་ལ་བརྩི་འཇོག་ཆེ་དྲག་པའི་ཞུམ་ཞུམ་གྱི་ཉམས་འགྱུར་མེད་པར། ཡིད་ཆེས་ཀྱིས་ཁེངས་པའི་ཁ་བརྡ་དང་བློ་ཐག་ཆོད་པོས་ཕ་རོལ་པོར་དངོས་རྫས་འདེམ་རོགས་བྱེད་པ་ནི་ཁོང་མོའི་ཚོང་གི་བྲིན་པའི་རྒྱུག་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པར་འདོད། ད་ལྟའི་ཚོང་གཉེར་གྱི་གནས་བབ་ཐད་ཁོང་བློ་ཡིད་ཧ་ཅང་ཚིམ་པོ་འདུག་ལ། དེའི་རྒྱུ་མཚན་ཡང་ཚོང་ཁང་འདི་ལ་ད་དུང་ཚོང་གཞན་ཞིག་ཡོད་པའི་རྐྱེན་གྱིས་རེད།

 

གསང་འདུས་ཀྱི་ཚོང་དེ་སངས་རྒྱས་འཚོ་དང་མི་འདྲ་བར། མང་ཆེ་བ་དྲ་ཐོག་ནས་སྤེལ་གྱིན་ཡོད། ཁོང་གིས་ཐོན་རྫས་ཀྱི་ཐུམ་སྒྲིལ་ཇུས་འགོད་དང་། དཔེ་དེབ་བསྒྲིགས་པ། དེ་མིན་ཐོན་རྫས་གཞན་དག་ཇུས་འགོད་བྱེད་བཞིན་ཡོད།  བོད་མིའི་ཁྲོམ་གྱི་སུམ་ཐོག་གི་ཚོང་ཁང་ཆུང་ཆུང་འདིའི་གྲུ་ཟུར་ཞིག་ཏུ་ཅོག་ཙེ་གཅིག་དང་། གློག་ཀླད་གཅིག རྐུབ་སྟེགས་གཅིག་ཡོད་པ་འདི་དག་ནི་གསང་འདུས་ཀྱི་ཇུས་འགོད་ལས་ཀའི་རྒྱུ་ཆ་ཡོད་ཚད་རེད། ཁོང་གིས། སྔོན་ཆད་དཔེ་དེབ་གཅིག་གི་ནང་དོན་དང་རྒྱབ་ཤོག་བཅས་ཚང་མ་ཇུས་འགོད་བྱེད་པར་ཉིན་ཁ་ཤས་འགོར་མོད། ད་ལྟ་ཆུ་ཚོད་ཁ་ཤས་ནང་དུ་འགྲུབ་ཐུབ་ཀྱི་འདུག་ཅེས་གསུངས་པ་རེད།

 

 

ཁོང་གཉིས་ཀྱིས་ཞོགས་པའི་ཆུ་ཚོད་དགུ་པ་ནས་ཕྱི་དྲོའི་ཆུ་ཚོད་བདུན་པའི་བར་ཚོང་ལས་གཉེར་བཞིན་ཡོད་ལ། བྲེལ་ཆེ་བའི་ཉིན་གཅིག་གི་ཚོང་གཉེར་ལས་སྒོ་མཇུག་སྒྲིལ་རྗེས། ཚོང་ཁང་དུ་བསྐྱོད་པ་དང་། འཆམ་འཆམ་དུ་འགྲོ་བ། རོ་བཅུད་འཛོམས་པའི་ཟས་མཆོག་ལ་རོལ་བ་བཅས་ཀྱིས་ལུས་སེམས་ཀྱི་ངལ་དུབ་སེལ་བཞིན་ཡོད།  ཁོང་གཉིས་ཀྱིས་ཚོང་ཁང་ཆུང་ཆུང་འདི་ཕྱེ་བར་དཀའ་ལས་མང་པོ་ཞིག་བརྒྱུད་མྱོང་མོད། འོན་ཀྱང་ཕན་ཚུན་ལ་རྒྱུས་ལོན་བྱེད་པ་དང་། དཀའ་ངལ་མང་པོར་མཉམ་དུ་མདུན་བསུ་ཕོད་པས། ད་བར་དུ་ཚོང་གཉེར་གྱི་ཡོང་འབབ་དང་སློབ་སྦྱོང་གི་ཉམས་མྱོང་སོགས་ཕྱོགས་གང་ཅིའི་ཐད་དུ་གྲུབ་འབྲས་གང་ལ་གང་འཚམ་ཐོབ་ཡོད།  གསང་འདུས་ཀྱིས་མ་འོངས་པར་ཚོང་ལས་ཀྱི་ལམ་ཁར་འགྱུར་ལྡོག་ཅི་ཞིག་བྱུང་རུང་། ཕན་ཚུན་སེམས་པ་སྦྲེལ་ཞིང་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས། ཕ་ཡུལ་དང་རྒྱང་ཐག་རིང་བའི་ས་མཐའ་ཞིག་ནས། བརྩེ་བ་ཟབ་མོས་ལམ་ལ་ཆས་པའི་སྒུལ་ཤུགས་བསྩལ་ཞིང་། ཞོགས་སྔ་པོར་གོམ་ཁ་འདུ་འཛིའི་ཁྲོམ་རར་བསྒྱུར་འགྲོ་བ་དང་། དགོང་ཕྱི་དྲོར་རྒྱབ་གཟུགས་སྲོད་ཀྱི་དུད་སྤྲིན་གྱིས་བཀབ་འགྲོ་བ་འདི་ཡང་། ཁོང་གཉིས་དང་འདྲ་བའི་གཞོན་ནུ་ལས་གཏོད་པ་མང་པོའི་བསྡུས་རིས་ཤིག་རེད།  

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ཟླ་བ་ཚེ་རིང་།

གསར་འགོད་པ། རིན་ཆེན་འཚོ།

中央广播电视总台 央广网 版权所有

​​▶ན་གཞོན་བཟའ་ཟླའི་བརྩོན་པས་བསྐྱེད་པའི་བདེ་སྐྱིད་འཚོ་བ།