ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཞི་ཅིན་ཕིང་གིས་ངར་ལྕཊ་བཟོ་གྲྭ་འདིའི་ལས་བཟོ་པར་འཕྲིན་ལན་སྤྲིངས།

2024-05-02 11:42:00     责编:娜科

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་4ཚེས་29ཉིན་ཧོ་པེ་ངར་ལྕགས་ཚོགས་པ་ཚད་ཡོད་ཀུང་སའི་སི་མེ་ཏའེ་ལེ་ཝོ་ངར་ལྕགས་བཟོ་གྲྭའི་རྒྱལ་ཁོངས་སེར་ཝུའེ་ཡའི་ལས་བཟོ་པར་འཕྲིན་ལན་སྤྲིངས་ནས། ཁོང་ཚོར་ཀྲུང་གོ་དང་སེར་ཝུའེ་ཡའི་མཛའ་གྲོགས་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་སྐུལ་ལྕག་གནང་བ་རེད།

ཞི་ཅིན་ཕིང་གིས། 2016ལོར་ང་རང་ནས་སེར་ཝུའེ་ཡར་རྒྱལ་དོན་འཚམས་འདྲི་ཞུ་རིང་སི་མེ་ཏའེ་ལེ་ཝོ་ངར་ལྕགས་བཟོ་གྲྭར་བསྐྱོད་ནས་ཁྱེད་ཚོ་དང་ངོ་ཐུག་སྤེལ་རེས་བྱེད་སྐབས། ཚང་མས་ཀྲུང་གོ་དང་སེར་ཝུའེ་ཡའི་གཉིས་ཕན་མཉམ་ལས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་ངར་ལྕགས་བཟོ་གྲྭའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རེ་སྒུག་བྱེད་བཞིན་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་། ཁྱེད་ཚོའི་འཕྲིན་ཡིག་གི་ནང་ནས། ཕྱོགས་གཉིས་པོའི་དོ་དམ་ཚོགས་པ་དང་ངར་ལྕགས་བཟོ་གྲྭའི་བཟོ་པའི་ཐུན་མོང་གི་འབད་བརྩོན་འོག ངར་ལྕགས་བཟོ་གྲྭའི་རྣམ་པ་གསར་རྐྱང་དུ་གྱུར་ནས་སི་མེ་ཏའེ་ལེ་ཝོ་གྲོང་ཁྱེར་གྱི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་པ་ཤེས་རྟོགས་བྱུང་། ངར་ལྕགས་བཟོ་གྲྭས་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་མ་དངུལ་བཏང་རྗེས་གྱོང་གུན་མགྱོགས་མྱུར་གསབ་ནས་འཕེལ་རྒྱས་བཏང་ཐུབ་པ་དང་། ལས་བཟོ་པ་5000ལྷག་ཙམ་གྱི་ལས་གནས་འགན་ལེན་ཐུབ་པ། ཁྱིམ་ཚང་སྟོང་ཕྲག་ཁ་ཤས་ཀྱིས་ལྷིང་འཇགས་དང་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་པ་བཅས་བྱུང་བར་ང་རང་ཧ་ཅང་དགའ་པོ་བྱུང་། ངར་ལྕགས་བཟོ་གྲྭའི་འཕེལ་རྒྱས་ནི་ལས་བརྩོན་ལས་བཀུར་དང་འབད་འཐབ་ཡར་བརྩོན་གྱི་ལས་བཟོ་པ་དང་ཁ་འབྲལ་ཐབས་མེད། ཁྱེད་ཚོས་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་ངར་ལྕགས་བཟོ་གྲྭ་ཉིན་བཞིན་འཕེལ་རྒྱས་ཡོང་བ་དང་ཀྲུང་སེར་མཛའ་གྲོགས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་འབྲི་བྱས་པས། ངས་ཁྱེད་ཚོར་བསྔགས་བརྗོད་ཞུ་ཡི་ཡིན་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། སི་མེ་ཏའེ་ལེ་ཝོ་ངར་ལྕགས་བཟོ་གྲྭ་འཕེལ་རྒྱས་ཡག་པོ་བྱུང་བ་དེ་ནི་ཀྲུང་སེར་རྒྱལ་ཁབ་གཉིས་པོས་སྤུས་ཚད་མཐོ་པའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ། རྒྱལ་ཁབ་གཉིས་པོས་གཉིས་ཕན་མཉམ་ལས་བྱེད་པའི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཞིག་ཀྱང་ཡིན། ངར་ལྕགས་བཟོ་གྲྭའི་ལས་བཟོ་པ་ནི་ཀྲུང་སེར་མཛའ་གྲོགས་མཉམ་ལས་ནང་ཞུགས་མཁན་དང་དཔང་པོ་བྱེད་མཁན། ལེགས་སྐྱེས་འབུལ་མཁན་བཅས་ཡིན་ལ། དེའི་ཕན་པ་ཐོབ་མཁན་ཡང་ཡིན། ཁྱེད་ཚོས་མུ་མཐུད་བློ་གཅིག་སེམས་གཅིག་གིས་རང་འཁྲིའི་ལས་དོན་ལེགས་པར་སྒྲུབ་པ་དང་། ངར་ལྕགས་བཟོ་གྲྭའི་གཉེར་སྐྱོང་དང་འཕེལ་རྒྱས་ནང་སྤྲོ་སེམས་འཁོལ་པོས་ཞུགས་ཏེ། སེར་ཝུའེ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དང་ཀྲུང་གོ་དང་སེར་ཝུའེ་ཡའི་མཛའ་གྲོགས་འབྲེལ་བ་སྲ་བརྟན་དུ་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།

ཉིན་ཤས་གོང་། ཧོ་པེ་ངར་ལྕགས་ཚོགས་པ་ཚད་ཡོད་ཀུང་སིའི་སི་མེ་ཏའེ་ལེ་ཝོ་ངར་ལྕགས་བཟོ་གྲྭའི་རྒྱལ་ཁོངས་སེར་ཝུའེ་ཡ་ནས་ཡིན་པའི་ལས་བཟོ་པའི་འཐུས་མི་30ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། ངར་ལྕགས་བཟོ་གྲྭའི་མིག་སྔའི་འཕེལ་རྒྱས་ཀྱི་གནས་ཚུལ་དང་དེ་བཞིན་ས་གནས་དེ་གའི་དམངས་འཚོ་ལེགས་གཏོང་ལ་ལེགས་སྐྱེས་གལ་ཆེན་ཕུལ་བའི་གནས་ཚུལ་ངོ་སྤྲོད་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མས་རྣམ་གྲངས་དེར་ཐུགས་ཁུར་དང་སྐུལ་འདེད་བཏང་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད། 

ཡིག་སྒྱུར། གཡུ་སྒྲོན།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་ངར་ལྕཊ་བཟོ་གྲྭ་འདིའི་ལས་བཟོ་པར་འཕྲིན་ལན་སྤྲིངས།