《བདེན་འཚོལ》ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་འདི་སྤེལ་འདུག
ཟླ་5ཚེས་1ཉིན་པར་སྐྲུན་བྱས་པའི་འདོན་ཐེངས་9པའི《བདེན་འཚོལ་》དུས་དེབ་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ལས་བཟོ་པ་དུང་ཕྱུར་མང་པོ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ནང་ཧུར་ཐག་ཞུགས་པར་སྐུལ་སློང་བྱེད་དགོས》ཞེས་པ་སྤེལ་ཡོད།
རྩོམ་ཡིག་ནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག རང་རྒྱལ་གྱི་བཟོ་པའི་གྲལ་རིམ་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་ཁྲོད་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱས་པ་དང་། བཟོ་པའི་ལས་འགུལ་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། བཟོ་ཚོགས་ལས་དོན་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་ཡོད། རྒྱ་ཆེའི་ལས་བཟོ་མང་ཚོགས་ཀྱིས་ཏང་དང་བློ་གཅིག་སེམས་གཅིག་དང་། ཏང་དང་མཉམ་དུ་འབད་འཐབ་བྱས་ཏེ། དཔལ་འབྱོར་འཛུགས་སྐྲུན་དང་། ཚན་རྩལ་གསར་གཏོད། དབུལ་སྒྲོལ་འགག་གཏོར། གྲོང་གསེབ་དར་རྒྱས་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན། ཉེན་འགོག་གེགས་སེལ་སོགས་ཀྱི་ལས་དོན་གལ་ཆེན་ཁྲོད་དམག་འཐབ་དྲག་པོ་བྱེད་ཕོད་པ་དང་། འགན་འཁྲི་ལྕི་པོ་འཁུར་ཕོད་པའི་དུས་རབས་ཀྱི་ཉམས་འགྱུར་མངོན་ཡོད།
སླད་ཕྱིན་དུས་སྐབས་ཤིག་རིང་གི་བཟོ་ཚོགས་ཀྱི་ལས་དོན་ཐད། རྩོམ་ཡིག་ནང་། དང་པོ། ཏང་གིས་བཟོ་ཚོགས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། རང་རྒྱལ་གྱི་བཟོ་པའི་ལས་འགུལ་གྱི་བྱ་གཞག་ནི་ཏང་གི་འགོ་ཁྲིད་འོག་འཕེལ་རྒྱས་བྱུང་བ་ཞིག་ཡིན་ཞིང་། བཟོ་ཚོགས་ནི་ཏང་གིས་འགོ་ཁྲིད་བྱེད་པའི་བཟོ་པའི་གྲལ་རིམ་གྱི་མང་ཚོགས་རྩ་འཛུགས་ཤིག་ཡིན། ཏང་གིས་བཟོ་ཚོགས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་དང་རྣམ་པ་ཀུན་དང་། གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་གཡོ་འགུལ་གཏོང་མི་རུང་བ་དང་། ཕྱོགས་འཛོལ་བྱེད་མི་རུང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པར་ངེས་པར་དུ་ཕྱོགས་ཡོངས་དང་ནུས་ལྡན་གྱི་སྒོ་ནས་བཟོ་ཚོགས་ཀྱི་ལས་ཀའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་ལག་ལེན་མཐར་ཕྱིན་བསྟར་དགོས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བརྟན་པོ་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཐོག་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། རྒྱལ་ཁབ་ཀྱི་དོན་ཆེན་བློ་ལ་བརྟན་པོར་ངེས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བཟོ་ཚོགས་ཁོངས་གཏོགས་སུ་ལག་བསྟར་དང་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱ་ཆེའི་ལས་བཟོ་པས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། གཉིས་པ། ལས་བཟོ་པ་དུང་ཕྱུར་མང་པོ་སྐུལ་སློང་སྒྲིག་འཛུགས་བྱས་ནས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་དགོས། བཟོ་ཚོགས་ཀྱི་ལས་ཀའི་སྐོར་བརྗོད་ན་དོན་ཚན་སྟོང་ཕྲག་མང་པོ་ཡོད་ཅིང་། ཆེས་རྩ་བར་གྱུར་བའི་དོན་ཚན་ཞིག་ནི་རྒྱ་ཆེའི་ལས་བཟོ་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཏང་གི་ལྟེ་བའི་ལས་འགན་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་དེ་ཡིན། བློ་གཅིག་སེམས་གཅིག་གིས་བཟོ་པའི་གྲལ་རིམ་ལ་བརྟེན་པའི་རྩ་བའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ། རྒྱ་ཆེའི་ལས་བཟོ་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རླབས་ཆེན་བྱ་གཞག་ཁྲོད་ཧུར་ཐག་ཞུགས་དགོས། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་དགོས། གསུམ་པ། སེམས་ཤུགས་དང་བརྩེ་སེམས་ཀྱི་ཁེངས་པའི་སྒོ་ནས་ཁེ་དབང་སྲུང་སྐྱོང་གི་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་དགོས། མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བ་དང་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་སྔར་ལས་མངོན་གསལ་ཡོང་བ་བྱ་རྒྱུ་དེ་ཐོག་མར་ངལ་རྩོལ་པ་དུང་ཕྱུར་མང་པོའི་ལུས་ཐོག་ལས་མངོན་དགོས། བཟོ་ཚོགས་ནི་ལས་བཟོ་པའི་ཁེ་ཕན་གྱི་འཐུས་ཚབ་པ་དང་སྲུང་སྐྱོང་བྱེད་མཁན་ཡིན་པའི་ངོས་ནས། ལས་བཟོ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ལྷག་པར་དུ་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱ་རྒྱུར་མཐོང་ཆེན་བྱེད་དགོས། ལས་བཟོ་པས་ཁྲིམས་ལྟར་དང་གོ་རིམ་ལྡན་པའི་སྒོ་ནས་ཁེ་ཕན་གྱི་རེ་འདུན་མཚོན་པར་བྱེད་པ་དང་། རང་ངོས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པར་ཁྲིད་སྟོན་བྱས་ཐོག འཆམ་མཐུན་ངལ་རྩོལ་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།
རྩོམ་ཡིག་ནང་། བཟོ་ཚོགས་ནི་ལས་བཟོ་པའི་ཁྱིམ་ཚང་ཡིན་པ་དང་། བཟོ་ཚོགས་ལས་བྱེད་པ་ནི་ལས་བཟོ་པའི་གཉེན་ཉེ་ཡིན། བཟོ་ཚོགས་བསྒྱུར་བཅོས་དང་འཛུགས་སྐྱོང་མུ་མཐུད་ཟབ་སྤེལ་བྱས་ཏེ། གཞི་རིམ་དམ་འཛིན་ཆེན་པོ་བྱེད་པའི་ཁྲིད་སྟོན་མངོན་གསལ་དོད་པོས་བརྟན་པོར་འཛུགས་དགོས། གཞི་རིམ་བཟོ་ཚོགས་ཀྱི་སྣེ་ཁྲིད་ནུས་པ་དང་། རྩ་འཛུགས་ནུས་པ། ཞབས་འདེགས་ཞུ་ནུས་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས། ཏང་ཨུད་(ཏང་ཙུའུ་)རིམ་པ་ཁག་གིས་བཟོ་ཚོགས་དང་བཟོ་ཚོགས་ཀྱི་ལས་ཀར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། སྲིད་གཞུང་རིམ་པ་ཁག་གིས་བཟོ་ཚོགས་ལ་རོགས་རམ་ཧུར་ཐག་བྱས་ནས་ལས་བཟོ་མང་ཚོགས་ཀྱི་དཀའ་ངལ་དང་གནད་དོན་དངོས་སུ་ཐག་གཅོད་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། གཡུ་སྒྲོན།