ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

འདི་གར་ལག་པ་རྐྱོང་ཙམ་བྱས་ཚེ་ས་འོག་ལྕགས་ལམ་ལ་སྡོད་ཆོག

2023-05-17 15:15:00     责编:娜科

       བྱང་བུ་འདྲེད་མི་དགོས་ལ་ཨང་རྟགས་ཀྱང་བཤེར་མི་དགོས། སྦར་མཐིལ་རྐྱོང་ཙམ་བྱས་ཚེ་ས་འོག་ལྕགས་ལམ་དུ་སྐྱོད་པའི་སྒོ་ཕྱེ་ཐུབ། འདི་ལྟ་བུའི་སྦར་མཐིལ་བཤེར་བའི་སྟབས་བདེའི་རྣམ་པ་གསར་པ་ད་ལྟ་པེ་ཅིང་གི་ས་འོག་ལྕགས་ལམ་ཏ་ཤིན་གནམ་ཐང་ལམ་ཐིག་ཏུ་དངོས་སུ་སྤྱོད་འགོ་ཚུགས་འདུག
 

 

       ཟླ་5ཚེས་11ཉིན་གྱི་སྔ་དྲོ། པེ་ཅིང་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་ས་འོག་ལྕགས་ལམ་ཏ་ཤིན་གནམ་ཐང་ལམ་ཐིག་གི་ཚའོ་ཆའོ་འབབ་ཚུགས་སུ། འབབ་ཚུགས་སུ་འཛུལ་སྐབས་གཅོད་སྒོའི་ཕྱི་རུ་རང་འགུལ་པ་སེ་འཚོང་ཆས་གསར་པ་ཁ་ཤས་ཡོད་པ་མཐོང་། དེ་ནི་པ་སེ་འཚོང་ཆས་གཞན་དག་དང་ཅུང་མི་འདྲ་ཞིང་། པ་སེ་འཚོང་ཆས་གསར་པའི་འཆར་ཤེལ་དེ་བས་ཆེ་བ་དང་། པ་སེ་ཉོ་སྒྲུབ་དང་དངུལ་འཇོག དྲ་ཐོག་པ་སེ་ལེན་པ་སོགས་རྒྱུན་སྲོལ་བཀོལ་སྤྱོད་མངོན་འགྱུར་ཐུབ་པ་ཕུད། འཆར་ངོས་སུ་སྦར་མཐིལ་བཤེར་ནས་མེ་འཁོར་དུ་སྡོད་པའི་ནུས་ཞེས་པའི་གདམ་ག་གསར་པ་ཞིག་ཐོན་ཡོད། འཆར་ཤེལ་འོག་ཕྱོགས་སུ་ད་དུང་སྒོར་དབྱིབས་ཀྱི་སྦར་མཐིལ་ངོས་འཛིན་བྱེད་ས་ཞིག་ཀྱང་འདུག་ལ། དེའི་ཆེ་ཆུང་ནི་ལག་འཁྱེར་ཁ་པར་གྱི་སྐུད་མེད་གློག་གསོག་ཆས་དང་འདྲ།
 

 

       གསར་འགོད་པས་འཆར་ཤེལ་སྟེང་གི་མཛུབ་སྟོན་ལ་གཞིགས་ནས་སྦར་མཐིལ་བཤེར་ནས་མེ་འཁོར་དུ་སྡོད་ཐབས་བྱས། ཐོག་མར་སྦར་མཐིལ་གྱི་ལག་རིས་ཐོ་འགོད་བྱེད་དགོས་སྟེ། སྦར་མཐིལ་དེ་སྒོར་དབྱིབས་ཀྱི་ངོས་འཛིན་བྱེད་སའི་སྟེང་འཇོག་སྐབས། ངོས་འཛིན་བྱེད་སར་གློག་དམར་འཕྲོ་བ་དང་། ལག་རིས་ཐོ་འགོད་བྱེད་སྐབས་སྦར་མཐིལ་གྱི་མཐོ་དམའ་ལེགས་སྒྲིག་ཐེངས་མང་པོ་བྱེད་དགོས། ཐོ་འགོད་བྱས་ཚར་རྗེས་སྒྲིག་ཆས་སྟེང་དུ་ཏུའུ་ཞེས་པའི་གསལ་སྟོན་སྒྲ་ཞིག་གྲགས་པ་དང་། སྒོར་དབྱིབས་ཀྱང་ལྗང་མདོག་ཏུ་གྱུར། དེ་རྗེས་འཆར་ཤེལ་སྟེང་དུ་རྩ་གཉིས་ཨང་རྟགས་མངོན་པ་དང་། འགྲུལ་པས་ད་དུང་སྐད་འཕྲིན་བྱ་རིམ་ཆུང་ངུའི་ནང་གི་གྲོས་ཡིག་ལ་ཆོག་མཆན་དང་དངོས་མིང་ཆ་འཕྲིན་གྱི་ཆོག་མཆན་སྤྲོད་དགོས་པ་མ་ཟད་སྐད་འཕྲིན་གྱི་སྦར་མཐིལ་བཤེར་ནས་དངུལ་སྤྲོད་ཐབས་བྱེད་དགོས། ལས་རིམ་ཚང་མ་རྫོགས་རྗེས་སྦར་མཐིལ་བཤེར་ནས་མེ་འཁོར་དུ་སྡོད་ཐབས་ཀྱི་ལས་སྒོ་ཡོངས་སུ་འགྲུབ་པ་རེད།
 

 

       སྦར་མཐིལ་བཤེར་ནས་མེ་འཁོར་དུ་སྡོད་ཐབས་བཏོན་པ་དང་བསྟུན་ནས། གཅོད་སྒོའི་བགྲོད་ལམ་ཁག་ཅིག་ཏུ་ཡང་སྦར་མཐིལ་བཤེར་ནས་མེ་འཁོར་དུ་སྡོད་པའི་ས་ཁོངས་གསར་སྣོན་བྱས་ཡོད། ས་འོག་ལྕགས་ལམ་དུ་སྡོད་སྐབས། འགྲུལ་པས་སྒོར་དབྱིབས་ཀྱི་རྟགས་ཡོད་པའི་སྦར་མཐིལ་བཤེར་བའི་གཅོད་སྒོ་བཙལ་ཏེ་སྦར་མཐིལ་སྒོར་དབྱིབས་ངོས་འཛིན་ཁུལ་དུ་བསྟན་ཚེ་སྦར་མཐིལ་བཤེར་ཐུབ་ཀྱི་ཡོད། ངོས་འཛིན་ལེགས་གྲུབ་བྱུང་རྗེས་སྒོར་དབྱིབས་དེ་ལྗང་མདོག་ཏུ་འགྱུར་ཞིང་། གཅོད་སྒོ་ཡང་རང་འགུལ་གྱིས་འབྱེད་ཀྱི་ཡོད། འབབ་ཚུགས་ནས་ཐོན་རྗེས་ལག་འཁྱེར་ཁ་པར་དུ་དངུལ་འཐེན་པའི་བརྡ་ཐོན་གྱི་ཡོད།
 

 

       ཡིན་ནའང་འགྲུལ་པ་རྣམས་ཆ་རྒྱུས་ཆེ་བའི་བྱང་བུ་འདྲེད་པ་དང་ཨང་རྟགས་བཤེར་བའི་གཅོད་སྒོ་དང་བསྡུར་ན། སྦར་མཐིལ་བཤེར་ནས་མེ་འཁོར་དུ་སྡོད་པར་ཐོག་མའི་དུས་སུ་འགྲུལ་པས་གཅོད་སྒོ་བརྒྱུད་པའི་དུས་ཚོད་སྔར་ལས་ཅུང་རིང་སྲིད། གསར་འགོད་པས་ཐེངས་མང་པོར་ཚོད་ལྟ་བྱས་ནས་ཤེས་རྟོགས་བྱུང་བར། གལ་ཏེ་སྒྲིག་ཆས་ཀྱིས་སྦར་མཐིལ་ངོས་འཛིན་བྱེད་མ་ཐུབ་ཚེ། གཅོད་སྒོ་ནས་འགྲུལ་པར་བར་ཐག་ཅུང་རིང་ཙམ་འཇོག་དགོས་པ་དང་ཡང་ན་ཅུང་ཉེ་སར་བཅར་དགོས་པའི་བརྡ་སྟོན་གྱི་ཡོད། སྐབས་རེར་ཐ་ན་སྦར་མཐིལ་གྱི་མཐོ་དམའ་ཐེངས་མང་པོ་ལེགས་སྒྲིག་བྱས་ན་ད་གཟོད་བདེ་བླག་ངང་གཅོད་སྒོར་འཛུལ་ཐུབ་ཀྱི་ཡོད།

 

       གདོང་བཤེར་དང་མཛུབ་རིས་ངོས་འཛིན་བྱེད་ཐབས་དང་འདྲ་བར། སྦར་མཐིལ་བཤེར་བ་ཡང་སྐྱེ་དངོས་ངོས་འཛིན་ལག་རྩལ་གྱི་རིགས་ཤིག་ཡིན། ཡིན་ནའང་སྐྱེ་དངོས་ངོས་འཛིན་ལག་རྩལ་སྔོན་མ་གཉིས་དང་བསྡུར་ན། སྦར་མཐིལ་བཤེར་བའི་ལག་རྩལ་ནི་མི་མང་ཆེ་བར་མཚོན་ན་སྔར་བཞིན་གོ་མྱོང་བ་ལས་དངོས་སུ་འཕྲད་མ་མྱོང་བའི་གནས་སུ་ལུས་ཡོད།

       གསར་འགོད་པས་དོ་སྣང་བྱུང་བར། སྦར་མཐིལ་བཤེར་ནས་མེ་འཁོར་དུ་སྡོད་ཐབས་བཟོ་བ་དང་མཉམ་དུ་འགྲུལ་པས་སྦར་མཐིལ་བཤེར་བའི་ཞབས་ཞུའི་ངེས་པར་དུ་ཤེས་དགོས་པའི་དོན་ལ་མོས་མཐུན་བྱེད་དགོས། དེའི་ཁྲོད་དུ་ཞབས་ཞུ་མཁོ་འདོན་ཕྱོགས་ཀྱིས་འགྲུལ་པའི་སྦར་མཐིལ་རི་མོའི་ཆ་འཕྲིན་དང་སྦར་མཐིལ་སྡོད་རྩའི་ཆ་འཕྲིན་སོགས་སྦར་མཐིལ་གྱི་ཆ་འཕྲིན་བསྡུ་རུབ་དང་ཐག་གཅོད། གསོག་ཉར་བཅས་བྱས་ནས། སྦར་མཐིལ་ཆ་འཕྲིན་གྲངས་གཞིའི་མཛོད་བསྐྲུན་པའི་ཐད་སྤྱོད་རྒྱུ་མ་ཟད། སྦར་མཐིལ་ཆ་འཕྲིན་གྱི་ཞིབ་བསྡུར་ཞིབ་དཔྱད་མཁོ་འདོན་བྱ་རྒྱུ་ཞེས་བཏོན་ཡོད་པ་དང་། དུས་མཚུངས་སུ་ངེས་པར་ཤེས་དགོས་པའི་དོན་ཚན་ཁྲོད་དུ་ད་དུང་ཞབས་ཞུ་མཁོ་འདོན་བྱེད་མཁན་ཕྱོགས་དང་མཉམ་ལས་བྱེད་མཁན་ལག་རྩལ་ཞབས་ཞུ་ཕྱོགས་ཀྱིས་སྦར་མཐིལ་གྱི་ཐོག་མའི་ཆ་འཕྲིན་གྱི་མ་དཔེ་དང་དཔེ་རིས་གསོག་ཉར་བྱེད་ཀྱི་མེད་ཅེས་བཏོན་ཡོད།

       སྦར་མཐིལ་གྱི་ཆ་འཕྲིན་གཞི་རྒྱུ་བསྡུ་ལེན་ལེགས་གྲུབ་བྱུང་རྗེས། ཞབས་ཞུ་མཁོ་འདོན་ཕྱོགས་ཀྱིས་ཐོག་མའི་སྦར་མཐིལ་ཆ་འཕྲིན་གྱི་མ་དཔེ་དང་དཔེ་རིས་བསུབ་པའམ་མིང་མི་འགོད་པའི་ཐག་གཅོད་བྱེད་ཀྱི་ཡོད། ཡིན་ནའང་ཁྲིམས་ལུགས་ཁྲིམས་སྲོལ་དུ་ལོགས་སུ་གཏན་འབེབས་བྱས་ཡོད་པ་དེ་མི་ཚུད། བཀོལ་སྤྱོད་བྱེད་པའི་གོ་རིམ་ཁྲོད་དུ་སྦར་མཐིལ་བཤེར་ནས་མེ་འཁོར་དུ་སྡོད་པའི་ལས་སྒོའི་ཁྲོད་དུ་མི་གཅིག་གིས་སྦར་མཐིལ་གཅིག་གི་ཆ་འཕྲིན་མ་གཏོགས་སྦྲེལ་མི་ཆོག་པ་མ་ཟད། ལོ་14ཡན་གྱི་ཀྲུང་གོའི་སྐམ་ས་ཆེན་པོའི་སྡོད་དམངས་ཀྱིས་མ་གཏོགས་བཟོ་མི་ཐུབ། དེ་མིན། མིག་སྔར་སྦར་མཐིལ་བཤེར་ནས་མེ་འཁོར་དུ་སྡོད་པའི་ལས་སྒོ་དེས་པེ་ཅིང་ཏ་ཤིན་གནམ་ཐང་ལམ་ཐིག་གི་ཁྱབ་ཁོངས་སུ་མ་གཏོགས་རྒྱབ་སྐྱོར་བྱེད་ཀྱི་མེད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག མིག་དམར་རྒྱ་མཚོ།
ཡིག་སྒྱུར། ཀླུ་འབུམ།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

འདི་གར་ལག་པ་རྐྱོང་ཙམ་བྱས་ཚེ་ས་འོག་ལྕགས་ལམ་ལ་སྡོད་ཆོག

གདོང་བཤེར་དང་མཛུབ་རིས་ངོས་འཛིན་བྱེད་ཐབས་དང་འདྲ་བར། སྦར་མཐིལ་བཤེར་བ་ཡང་སྐྱེ་དངོས་ངོས་འཛིན་ལག་རྩལ་གྱི་རིགས་ཤིག་ཡིན། ཡིན་ནའང་སྐྱེ་དངོས་ངོས་འཛིན་ལག་རྩལ་སྔོན་མ་གཉིས་དང་བསྡུར་ན།