ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་3པ་འཚོཊ་པའི་དུས་ཚོད་གཏན་འཁེལ་བ།

2024-05-01 12:04:00     责编:娜科

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་སྐོང་འཚོགས་བྱ་རྒྱུའི་གཏན་འབེབས་བྱས་པ་དང་། མིག་སྔའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་གནང་བ་དང་།  《འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་སྤུས་མཐོའི་གོང་འཕེལ་ལ་རྒྱུན་མཐུད་དང་གཏིང་ཟབ་ངང་སྐུལ་འདེད་གཏོང་རྒྱུའི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་གནང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ། 

 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་4ཚེས་30ཉིན་ཚོགས་འདུ་འཚོགས་ནས། འདི་ལོའི་ཟླ་7པར་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྒྱུའི་གཏན་འབེབས་བྱས་པ་དང་། གྲོས་རིམ་གཙོ་བོ་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ལས་དོན་སྙན་སེང་ཞུ་རྒྱུ་དང་། བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་ལ་གཙོ་གནད་ཐོག་ཞིབ་འཇུག་བྱ་རྒྱུ་དེ་རེད། ཚོགས་འདུའི་ཐོག་མིག་སྔའི་དཔལ་འབྱོར་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་གནང་ནས། 《འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་སྤུས་མཐོའི་གོང་འཕེལ་ལ་རྒྱུན་མཐུད་དང་གཏིང་ཟབ་ངང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག་གི་བསམ་འཆར》ལ་གྲོས་ཞིབ་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 

ཚོགས་འདུའི་ཐོག བསྒྱུར་བཅོས་སྒོ་འབྱེད་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གིས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་པར་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་རེད། མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་ཤིག་ཡིན། རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་དང་། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་བཅས་ལ་མདུན་དུ། ངེས་པར་དུ་མུ་མཐུད་ནས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བླང་བྱ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་འགྱུར་ལྡོག་འགྲོ་བ་དང་འཚམ་མཐུན་ཡོང་བ་བྱེད་པའི་དགོས་ངེས་ཀྱི་བླང་བྱ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་གི་ཕན་པ་བསྐྲུན་པའི་ལྡོག་མེད་ཀྱི་བླང་བྱ། ཉེན་ཁ་དང་འགྲན་སློང་ཚབས་ཆེན་ལ་ཁ་གཏད་གཅོག་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་བརྟན་ཐོག་རྒྱང་བགྲོད་ཡོང་བར་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པར་སྐུལ་འདེད་གཏོང་བ་དང་། ཉིན་བཞིན་ཛ་དྲག་ཏུ་འགྲོ་བཞིན་པའི་རྒྱལ་སྤྱིའི་འགྲན་རྩོད་ཁྲོད་འཐབ་ཇུས་ཀྱི་རང་འགུལ་དབང་ཆ་ཐོབ་པར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ། ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པ་དང་། དེ་བས་སྟོབས་དང་ལྡན་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འཛུགས་པའི་ལྡོག་མེད་ཀྱི་བླང་བྱ་བཅས་ཡིན། ཏང་ཡོངས་ཀྱིས་ངེས་པར་དུ་ བསྒྱུར་བཅོས་དེ་སྔར་ལས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམག་པོར་དམིགས་ཏེ། ཁྱོན་ཡོངས་ནས་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག གོམ་གང་མདུན་སྤོས་ངང་བབསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་རྒྱུན་འཁྱོངས་བྱས་ནས། བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། གཟིགས་ཚུལ་གལ་ཆེན། ཆོད་སྡོམ་གལ་ཆེན་རབ་དང་རིམ་པ་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བརྟན་པོའི་ཁྲོད་ཡར་རྒྱས་ཡོང་བ་བྱེད་པའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། གོམ་གང་མདུན་སྤོས་ངང་བསམ་བློ་བཅིངས་འགྲོལ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་ཇེ་ཆེར་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཧྲིལ་པོ་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པ། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་ཀྱིས་སྣེ་ཁྲིད་བྱེད་པ། སྤྱི་ཚོགས་གཞུང་དྲང་དྲང་བདེན་ཡོང་རྒྱུར་སྐུལ་འདེད་དང་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་དེ་ཐོག་མའི་སྐུལ་སློང་དང་མཐར་གཏུག་གི་དམིགས་ཡུལ་ལ་བརྩི་བ། མ་ལག་གྲུབ་རྒྱུར་དེ་བས་སྣང་ཆེན་བྱེད་པ། གཙོ་གནད་མངོན་གསལ་དོད་པོ་ཡོང་རྒྱུར་དེ་བས་སྣང་ཆེན་བྱེད་པ། བསྒྱུར་བཅོས་ཀྱི་ཕན་འབྲས་ལ་དེ་བས་སྣང་ཆེན་བྱེད་པ། ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས་དང་། སྟེང་གི་བཀོད་པ་དང་དཔལ་འབྱོར་གྱི་རྨང་གཞི། རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་གོང་འཕེལ་བཅས་དེ་བས་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྟོབས་ཆེའི་སྒུལ་ཤུགས་དང་ལམ་ལུགས་ཀྱི་འགན་སྲུང་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།

ཚོགས་འདུའི་ཐོག ལོ་འདི་ཤར་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ངར་ཤུགས་གཅིག་སྒྲིམ་གྱིས་དཔལ་འབྱོར་ལ་དམ་འཛིན་བྱེད་པ་དང་། དཔལ་འབྱོར་བསྐྱར་འཕར་དང་ལེགས་ཕྱོགས་སུ་འགྲོ་བའི་རྣམ་པ་བརྟན་དུ་དང་ཤུགས་ཆེར་གཏོང་བ། དཔལ་འབྱོར་འཁོར་རྒྱུག་ཁྲོད་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མང་དུ་ཕྱིན་པ། འགུལ་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། སྤྱི་ཚོགས་ཀྱི་སྔོན་དཔག་ལེགས་སུ་ཕྱིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ་བཅས་བྱས་པས། འཕར་ཚད་ཅུང་མགྱོགས་པ་དང་། གྲུབ་ཆ་ལེགས་སུ་ཕྱིན་པ། སྤུས་ཚད་དང་ཕན་འབྲས་ལེགས་སུ་ཕྱིན་པའི་ཁྱད་ཆོས་ཐོན་ནས། དཔལ་འབྱོར་གྱི་འགོ་ཡག་པོ་འཛུགས་ཐུབ་པ་བྱུང་ཡོད་པའི་ངོས་འཛིན་བྱས་ཡོད། 

 ཚོགས་འདུའི་ཐོག དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་ལེགས་སུ་འགྲོ་རྒྱུར་སྔར་བཞིན་འགྲན་སློང་མང་པོ་འཕྲད་ཡོད་ཅིང་། གཙོ་བོ་ནི་ནུས་ལྡན་གྱི་དགོས་མཁོ་སྔར་བཞིན་མི་འདང་བ་དང་། ཁེ་ལས་ཀྱི་ཚོང་གཉེར་གནོན་ཤུགས་ཆེ་ཙམ་ཡོད་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་མང་བ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་བདེ་བླག་དེ་ཙམ་མེད་པ། ཕྱི་རོལ་ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་། ཚབས་ཆེའི་རང་བཞིན། ངེས་གཏན་མེད་པའི་རང་བཞིན་བཅས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། དུས་མཚུངས་སུ་རང་རྒྱལ་གྱི་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་ཡོད་པ་དང་། བཟང་ཆ་མང་བ། ལྡེམ་ཤུགས་ཆེ་བ། མི་མངོན་པའི་སྟོབས་ཤུགས་ཆེ་བ་བཅས་ཡིན་པ་ངེས་པར་དུ་ མཐོང་ཐུབ་པ་བྱེད་པ་དང་། འགོ་ཡག་པོ་འཛུགས་ཐུབ་པ་དང་། བསྐྱར་འཕར་ལེགས་ཕྱོགས་སུ་འགྲོ་བ་ནི་མིག་སྔའི་དཔལ་འབྱོར་འཁོར་རྒྱུག་གི་གཞི་རྩའི་ཁྱད་ཆོས་དང་འཕེལ་ཕྱོགས་ཡིན་པས། དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སེམས་ཤུགས་ཆེ་རུ་འགྲོ་བ་བྱེད་དགོས་ཞེས་བསྟན་ཡོད།

 ཚོགས་འདུའི་ཐོག ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ་དང་། བརྟན་པོའི་ཁྲོད་ཡར་རྒྱས་ཡོང་བ་བྱེད་པའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ཆགས་པ་བྱེད་པ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བབ་བསྟུན་འཕྲལ་སྒྲུབ་རྒྱུན་འཁྱོངས་བྱེད་པ། སྔོན་ལ་དམ་འཛིན་དང་རྗེས་སུ་ལྷོད་གཡེང་གི་སྣང་ཚུལ་མི་ཐོན་པ་བཅས་བྱས་ཏེ། དཔལ་འབྱོར་བསྐྱར་འཕར་དང་ལེགས་ཕྱོགས་སུ་འགྲོ་བའི་རྣམ་པ་བརྟན་དུ་དང་ཤུགས་ཆེར་ཏན་ཏིག་གཏོང་དགོས་ཞེས་ནན་སྟོན་བྱས་འདུག

ཚོགས་འདུའི་ཐོག གཞན་གྱི་མདུན་ལ་ཤུགས་སྣོན་བརྒྱབ་ནས་གཏན་འཁེལ་བྱས་པའི་སྤྱི་ཁོག་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱས་ཏེ། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་བརླིང་གི་དངུལ་ལོར་སྲིད་ཇུས་ལག་ལེན་བསྟར་དགོས། དུས་ཡུན་ཧ་ཅང་རིང་བའི་དམིགས་བསལ་རྒྱལ་བུན་སྔ་ཙམ་འགྲེམས་སྤེལ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། ཆེད་དོན་བུ་ལོན་འགྲེམས་སྤེལ་དང་བེད་སྤྱོད་ཀྱི་མྱུར་ཚད་མགྱོགས་སུ་གཏོང་བ། དགོས་ངེས་ཀྱི་ནོར་སྲིད་གཏོང་སྒོའི་ཤུགས་ཚད་རྒྱུན་འཁྱོངས་བྱེད་པ་བཅས་ཀྱིས། གཞི་རིམ་གྱི“འགན་ལེན་གསུམ”དུས་ཐོག་ཏུ་འདང་ངེས་སྒོ་ནས་གཏོང་སྤྲོད་བྱེད་པར་འགན་ལེན་ཏན་ཏིག་བྱ་དགོས། སྐྱེད་ཚད་དང་བཅོལ་དངུལ་གྲབས་དངུལ་གྱི་ཚད་སོགས་སྲིད་ཇུས་ཀྱི་ལག་ཆ་སྟབས་བསྟུན་གྱིས་བེད་སྤྱོད་བྱས་ཏེ། དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྤྱི་ཚོགས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་དམའ་རུ་གཏོང་དགོས། སྤྱི་ཁོག་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་རང་བཞིན་གྱི་དཔྱད་དཔོག་ཡག་པོ་བྱས་ནས། སྔོན་དཔག་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་ཧུར་ཐག་བཏང་ཐོག གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བསྒྱུར་དང་འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་བརྗེའི་བྱ་སྤྱོད་ཀྱི་ཇུས་གཞི་དོན་འཁྱོལ་ཡག་པོ་བྱ་དགོས། འཛད་སྤྱོད་ཀྱི་རྣམ་པ་སྔར་ལས་མང་བ་གསར་སྐྲུན་བྱས་ནས་མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་དང་སྤུས་མཐོའི་འཛད་སྤྱོད་ཀྱི་དགོས་མཁོ་སྔར་ལས་ལེགས་པར་སྐོང་དགོས། མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། འཛད་སྤྱོད་དང་མ་དངུལ་འཇོག་པའི་མི་མངོན་པའི་སྟོབས་ཤུགས་རྒྱུན་མཐུད་ངང་འདོན་དགོས། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱེད་པའི་ལམ་སྲོལ་གསར་པ་ལག་བསྟར་ཡག་པོ་བྱས་ཏེ། དམངས་ཁྲོད་ཀྱི་མ་དངུལ་འཇོག་པའི་གསོན་ཤུགས་སྐུལ་སྤེལ་གང་ལེགས་བྱ་དགོས་ཞེས་བསྟན་འདུག

ཚོགས་འདུའི་ཐོག ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གསར་དར་ཐོན་ལས་སྐྱེད་སྲིང་སྟོབས་ཆེར་གཏོང་བ། སྔ་སྣུར་དུ་བཀོད་སྒྲིག་བྱས་ཏེ། འབྱུང་འགྱུར་ཐོན་ལས་འཛུགས་སྐྲུན་བྱེད་པ། སྔོན་ཐོན་ལག་རྩལ་བེད་སྤྱད་དེ་སྲོལ་རྒྱུན་ཐོན་ལས་ཕྱོགས་བསྒྱུར་རིམ་སྤོར་ལ་ནུས་པ་འབྱིན་དགོས། ཉེན་འཁུར་མ་འཇོག་འཕེལ་རྒྱས་ཧུར་ཐག་བཏང་ནས། ཡུན་རིང་མ་འཇོག་མ་རྩ་རྒྱ་སྐྱེད་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།

ཚོགས་འདུའི་ཐོག བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་གཏིང་ཟབ་ཏུ་དང་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་པ། ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། བར་རྫས་ཉོ་ཚོང་དང་། ཞབས་ཞུའི་ཉོ་ཚོང་། གྲངས་འཛིན་ཉོ་ཚོང་། རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་བཅས་ཕྱིར་གཏོང་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་། དམངས་གཉེར་ཁེ་ལས་ཀྱིས་ཕྱི་རྒྱལ་གྱི་ཁྲོམ་ར་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱེད་པ། ཕྱི་རྒྱལ་གྱི་མ་དངུལ་ཡིད་འགུག་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད། 

ཚོགས་འདུའི་ཐོག གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་མུ་མཐུད་འགོག་ཟོན་དང་སེལ་དགོས། གྲོང་ཁྱེར་ལ་གཞིགས་ནས་སྲིད་ཇུས་ལག་བསྟར་བྱ་རྒྱུ་མུ་མཐུད་མཐའ་འཁྱོངས་བྱེད་པ་དང་། ས་གནས་སྲིད་གཞུང་དང་ས་ཁང་བདག་ཁོངས་ཁེ་ལས། དངུལ་རྩའི་ལས་ཁུངས་བཅས་ཀྱི་འགན་འཁྲི་ནན་དུ་གཏོང་བ། ཁང་པ་རྩིས་སྤྲོད་འགན་ལེན་བྱེད་པའི་ལས་དོན་ཏན་ཏིག་བསྒྲུབས་ཏེ། ཁང་པ་ཉོ་མཁན་གྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱ་དགོས། ས་ཁང་བདག་ཁོངས་ཁྲོམ་རའི་མཁོ་སྤྲོད་འབྲེལ་བའི་འགྱུར་ལྡོག་གསར་པ་དང་མི་དམངས་མང་ཚོགས་ཀྱིས་སྤུས་ལེགས་སྡོད་ཁང་ལ་རེ་སྒུག་གསར་པ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། གསོག་འཇོག་བྱས་པའི་ཁང་པ་བྲིན་འཚོང་དང་སྡོད་ཁང་ལེགས་སྒྱུར་དང་གྲངས་འབོར་མང་གཏོང་གི་སྲིད་ཇུས་དང་བྱེད་ཐབས་གཅིག་གྱུར་འཆར་འགོད་ཀྱིས་ཞིབ་འཇུག་བྱེད་པ་དང་། ས་ཁང་བདག་ཁོངས་འཕེལ་རྒྱས་གཏོང་སྟངས་གསར་པར་དམ་འཛིན་བྱེད་པ། ས་ཁང་བདག་ཁོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་སེལ་བའི་ཇུས་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ། བུ་ལོན་གྱི་ཉེན་ཁ་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར་དང་རྫོང་གིས་དངོས་སུ་བུ་ལོན་ཉུང་དུ་གཏོང་བ་དང་བརྟན་པོའི་ངང་འཕེལ་རྒྱས་ཀྱང་ཡོང་བ་བྱེད་པར་འགན་ལེན་ཏན་ཏིག་བྱ་དགོས། དངུལ་རྩའི་ལས་ཁུངས་འབྲིང་ཆུང་བསྒྱུར་བཅོས་དང་ཉེན་ཁ་སེལ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་མ་རྩའི་ཁྲོམ་ར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད། 

ཚོགས་འདུའི་ཐོག ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། མཁའ་རླུང་སྤུས་ཚད་རྒྱུན་མཐུད་ངང་ལེགས་བཅོས་བྱེད་པའི་བྱ་སྤྱོད་འཆར་གཞི་ལག་བསྟར་ནན་ཏན་བྱེད་པ་དང་། རྡོ་སོལ་གཙང་མ་དང་ནུས་ཆེའི་སྒོ་ནས་བེད་སྤྱོད་དང་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་བསྡུ་ལེན་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། “ཐཱན་རྩེ་གྲངས་ལ་སླེབས་པའི་བྱ་སྤྱོད་ཆེན་པོ་བཅུ”རྒྱུན་མཐུད་ནུས་ལྡན་ངང་སྤེལ་བ། བེད་མེད་དངོས་ཟོག་དང་དངོས་ཟོག་རྙིང་པ་འཁོར་རྒྱུག་བེད་སྤྱོད་གཏོང་བའི་མ་ལག་གང་མགྱོགས་འཛུགས་པ་བཅས་བྱེད་དགོས་ཞེས་བསྟན་ཡོད། 

ཚོགས་འདུའི་ཐོག དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་བ་དང་། ལས་ཞུགས་ཐད་སྔོན་ལ་བསམ་བློ་གཏོང་བའི་ཁྲིད་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ཡོང་འབབ་དམའ་འབྲིང་མི་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་འགན་སྲུང་དྲ་བ་དམ་པོ་འཛུགས་པ་བཅས་བྱེད་དགོས། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞིའི་སྒྲིག་བཀོད་གསར་སྒྱུར་དང་བསྒྱུར་བཀོད་རིམ་སྤར་ལ་སྐུལ་འདེད་གཏོང་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་སྒྲིག་ཁྲིམས་ནན་སྲུང་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བསྟར་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་སྟོན་བྱས་ཡོད།

ཚོགས་འདུའི་ཐོག འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་ཀྱི་བཀོད་ཇུས་གལ་ཆེན་ཞིག་རེད། ཏང་ཀྲུང་དབྱང་གི་འཐབ་ཇུས་འདོད་འདུན་ལ་གོ་བ་གཏིང་ཟབ་བླངས་ཏེ། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་འགྱུར་བའི་འཕེལ་རྒྱས་ལ་ཚད་བརྒལ་སྔར་ལས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། སྔོན་ལ་ལམ་བུ་འཚོལ་ཞིབ་དང་། སྣེ་ཁྲིད་དཔེ་སྟོན། ཁྱབ་འགྱེད་སྐུལ་ཁྲིད་བཅས་ཀྱི་ནུས་པ་སྔར་ལས་ལེགས་པ་འདོན་སྤེལ་བྱེད་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག ཐོག་མཐའ་བར་གསུམ་དུ་གཞི་གཅིག་ཅན་དང་སྤུས་ཚད་མཐོ་བའི་འགག་རྩ་གཉིས་ལ་དམ་པོར་གཞིགས་ནས། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། འགག་རྩའི་ལྟེ་བའི་ལག་རྩལ་གྱི་ཚད་བརྒལ་མགྱོགས་སུ་བཏང་སྟེ། སྲོལ་རྒྱུན་ཐོན་ལས་རིམ་སྤོར་དང་། གསར་དར་ཐོན་ལས་སྟོབས་ཆེན། འབྱུང་འགྱུར་ཐོན་ལས་གསོ་སྐྱོང་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་ཁྱབ་ཁོངས་སྔར་ལས་ཆེ་བའི་ནང་མཉམ་འགུལ་ངང་གསར་གཏོད་སྦྲེལ་ཐག་དང་། ཐོན་ལས་སྦྲེལ་ཐག མཁོ་སྤྲོད་སྦྲེལ་ཐག་བཅས་འཛུགས་དགོས། སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་ཇེ་མགྱོགས་སུ་བཏང་ནས། སྲིད་འཛིན་བཀག་རྒྱ་གཏོར་བ་དང་སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་གཅིག་ཅན་དེ་བང་རིམ་སྔར་བས་གཏིང་ཟབ་པ་དང་ཁྱབ་ཁོངས་སྔར་བས་རྒྱ་ཆེ་བའི་ཕྱོགས་སུ་རྒྱ་སྐྱེད་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་དང་སྔོན་ལ་སྦྲེལ་མཐུད་བྱེད་པ་དང་། རིམ་པ་མཐོ་བའི་མཐུན་སྦྱོར་སྒོ་འབྱེད་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་གྱི་ལེགས་ཆ་གསར་པ་གཏོད་དགོས། མ་མཐའི་མཚམས་ཐིག་གི་བསམ་བློ་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་མཉམ་སྲུང་དང་མཉམ་སྐྱོང་དང་ས་ཁོངས་སྦགས་མེད་གོང་འཕེལ་གྱི་རོགས་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་དབྱང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གིས་གཅིག་གྱུར་འཆར་འགོད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཧྲང་ཧའེ་གྲོང་ཁྱེར་གྱིས་སྣེ་ཁྲིད་ནུས་པ་སྔར་བས་འདོན་སྤེལ་བྱེད་པ། ཅང་སུའུ་དང་། ཀྲེ་ཅང་། ཨན་ཧུའེ་བཅས་ཞིང་ཆེན་གསུམ་གྱིས་རང་རང་གི་བཟང་ཆ་དར་སྤེལ་དང་ལས་ཀའི་མཉམ་ཤུགས་སྟོབས་ཆེན་གཅིག་ཏུ་བསྡུས་ནས་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་གོང་འཕེལ་གྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་དགོས་ནན་སྟོན་བྱས་ཡོད། 

ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ཟླ་བ་ཚེ་རིང་། 

ཡིག་སྒྱུར། སྐལ་བཟང་བདེ་སྐྱིད། གཡུ་སྒྲོན། མཚམས་གཅོད། 

中央广播电视总台 央广网 版权所有

ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་3པ་འཚོཊ་པའི་དུས་ཚོད་གཏན་འཁེལ་བ།