ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ཀ་ཧྲ་རྒྱུད་ཀྱི་བྱིས་པ་མང་པོ་བཀྲེས་ལྟོཊ་ཀྱིས་མནར་བཞིན་ཡོད།

2023-12-13 17:26:00     责编:娜科

 

རེས་སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ཐོན་པ་ནས་བཟུང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་ཀ་ཧྲ་རྒྱུད་དུ་སྐྱེལ་བར་འགོག་རྐྱེན་ཐེབས་པས། ཀ་ཧྲ་རྒྱུད་ཀྱི་མང་ཚོགས་འབོར་ཆེན་བཀྲེས་ལྟོགས་ཀྱིས་མནར་ཡོད། གདོང་ཐུག་གི་རྒྱུན་མཐུད་པ་དང་བསྟུན་ནས། ཀ་ཧྲ་རྒྱུད་ཀྱི་མང་ཚོགས་ཀྱིས། ཟས་རིགས་མི་འདང་བས་བྱིས་པ་རྣམས་ལྟོགས་ནས་ནད་ཀྱང་ཕོག་གི་འདུག་ཅེས་བཤད་འདུག 

ཀྲ་ཁཱ་ལི་ཡ་དང་ཁོ་པའི་ནང་མི་གདོང་ཐུག་ཁྲོད་རིམ་བཞིན་ཀ་ཧྲ་རྒྱུད་ཀྱི་ལྷོ་རྒྱུད་དུ་ཕྱིར་འཐེན་བྱས་ཤིང་། ད་ལྟ་ཀ་ཧྲ་རྒྱུད་ཀྱི་ཆེས་ལྷོ་རྒྱུད་གྲོང་ཁྱེར་ལ་ཧྥ་རུ་འབྱོར་ཡོད། ཀྲ་ཁཱ་ལི་ཡས། དངོས་རྫས་དཀོན་པས་ངའི་བྱིས་པའི་བདེ་ཐང་གནས་ཚུལ་ཉིན་བཞིན་སྡུག་ཏུ་འགྲོ་གི་འདུག་ཅེས་བརྗོད་ཡོད།

 

 

ཡུལ་གྱར་བ་ཀྲ་ཁཱ་ལི་ཡས། འཇིབ་རུའི་ནང་བླུགས་པ་ནི་འོ་མ་མ་ཡིན་པར། ཆུའི་ནང་ལ་འོ་ཕྱེ་ཁེམ་བུ་གང་ངམ་དེ་ལས་ཉུང་བ་ཞིག་བསྲེས་ནས་འོ་མ་འདྲ་པོ་བཟོས་པ་ཙམ་ཡིན། འདི་ལྟར་བྱས་ན་ངས་འོ་མ་ཡིན་མདོག་གིས་བྱིས་པར་འཐུང་དུ་འཇུག་ཐུབ།  འོན་ཀྱང་འདི་ལྟར་འཐུང་ན་བྱིས་པར་འཚོ་བཅུད་སྟེར་མི་ཐུབ་པས་བྱིས་པའི་བདེ་ཐང་ལ་གནོད་པ་ཐེབས་རྒྱུ་རེད་ཅེས་བཤད་ཡོད།

ས་གནས་དེ་གའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ལ་མཚོན་ན། ཆད་ཆད་མཐུད་མཐུད་ངང་ཀ་ཧྲ་རྒྱུད་དུ་དབོར་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་ནི་ཆུ་ཕོར་གང་གིས་མེ་ཕུང་གསོད་པ་ལྟ་བུ་རེད། ཀྲ་ཁཱ་ལི་ཡས་བཤད་པ་ལྟར་ན། ཁོང་ཚོ་མི་བཅུ་ཡིས་བཟའ་བཅའ་ལྕགས་ཀྲིན་གཅིག་བགོས་ནས་བཟའ་དགོས་ཀྱི་ཡོད། ཟས་རིགས་ལག་ཏུ་འབྱོར་བར་ཆ་བཞག་ཀྱང་། ཡུལ་གྱར་བ་དག་ལ་འབར་རྒྱུ་མི་འདང་བའི་དབང་གིས་སྐབས་རེ་ཟས་རྗེན་པར་མི་བཟའ་ཐབས་མེད་དུ་གྱུར་གྱི་ཡོད། ས་གནས་དེ་གའི་ཟས་རིགས་མི་འདང་བའི་བྱིས་པ་རྣམས་ནི་ཉིན་གཅིག་ལ་ཟས་ཐུན་གཅིག་ལས་བཟའ་རྒྱུ་མེད་པས། ཁོང་ཚོའི་བདེ་ཐང་གི་གནས་ཚུལ་ཐད་མི་རྣམས་སེམས་ཁྲལ་བྱ་དགོས་པ་ཞིག་ཡོད།  


 

ཡུལ་གྱར་བ་ཀྲ་ཁཱ་ལི་ཡས། མཉམ་འབྲེལ་རྒྱལ་ཚོགས་ཉེ་ཤར་རོགས་སྐྱོབ་ལས་གྲྭ་ཁྲུའུ་ཡིས་ང་ལ་སྲན་མའི་ལྕགས་ཀྲིན་གཅིག་སྤྲད་བྱུང་། ཡིན་ནའང་ང་ཚོས་སྲན་མ་བཙོས་མ་བཟའ་ཐབས་བྲལ་ཡོད་དེ། འདི་གར་བུད་ཤིང་གི་གོང་ཧ་ཅང་མཐོ་བ་དང་འབར་རླངས་ནི་བེད་སྤྱོད་བྱེད་མི་ཐུབ་པས། སྲན་མ་རྗེན་པར་མི་བཟའ་ཐབས་མེད་རེད་ཅེས་བཤད། 

ཡུལ་གྱར་བ་ཏི་པུའུ་ཡིས། ཟས་རིགས་ཐོབ་ས་གང་ཡང་མེད། བྱིས་པ་རྣམས་བཀྲེས་ལྟོགས་ཀྱི་ཁྲོད་དུ་གཉིད་དུ་ཡུར་བ་དང་ཡང་བཀྲེས་ལྟོགས་ཀྱི་ཁྲོད་ནས་གཉིད་ལས་སད་ཀྱི་ཡོད། ངས་ཁོང་ཚོར་ཟ་མ་ཏོག་ཙམ་བཟོས་ཡོད། འདི་ནི་ཁོང་ཚོའི་ཉིན་གཅིག་གི་ཟས་ཐུན་གཅིག་ཁོ་ན་རེད། དེ་བྱིངས་ཀྱི་དུས་ཚོད་ནང་བཟའ་རྒྱུ་མེད་ཅེས་བཤད་ཡོད།

 

 

ཡུལ་གྱར་བ་ནཱ་ཅི་ཡིས། ང་ཚོར་མཚམས་རེ་ཉིན་ཁ་ཤས་བསྟུད་མར་ཟས་རིགས་མི་རྙེད་པ་དང་། སྐབས་རེར་ཉིན་རེ་གཉིས་ལ་ཟས་རིགས་རྙེད་མི་ཐུབ། ཟས་རིགས་མེད་ལ་ཆུ་ཡང་མེད་པས། འཚོ་བར་དཀའ་ཁག་ཆེན་པོ་འདུག གལ་ཏེ་ང་ལ་བྱིས་པ་རྣམས་བཟའ་རྒྱུའི་བག་ལེབ་གཅིག་ཐོབ་ན། གསེར་པང་གཅིག་རྙེད་པ་ལྟ་བུའི་དགའ་ཚོར་ཡོང་རྒྱུ་རེད། ད་ལྟའི་གནས་བབ་ནི་གོད་ཆག་ཅིག་ཡིན་ཏེ། ཟས་རིགས་དང་ཆུ་མེད་པས། ངའི་བྱིས་པ་ཚང་མར་ཆུ་མི་འདང་བའི་ནད་རྟགས་ཐོན་གྱི་འདུག ངའི་བྱིས་པ་གཅིག་སྤྱི་རྒྱ་བདུན་བརྒྱད་ཙམ་སྐམ་འདུག བྱིས་པ་འདིའི་དེ་སྔོན་གྱི་ལུས་པོའི་ལྗིད་ཚད་ཀྱང་སྤྱི་རྒྱ་སུམ་བཅུ་ལས་མེད། རྒྱུ་མཚན་ནི་དུས་ཡུན་རིང་པོར་འཚོ་བཅུད་ལྡན་པའི་ཟས་རིགས་བཟའ་རྒྱུ་མེད་པས་རེད་ཅེས་བརྗོད་ཡོད། 


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད།

སྒྲིག་སྒྱུར། རིན་ཆེན་འཚོ། 

འཛམ་གླིང་སྐར་ཁུངས།

རྒྱལ་ཁབ་འདིར་མེ་རི་འཕྱུར་ནས་རི་འཛེགས་པ་23རྐྱེན་ལམ་དུ་ཤོར་འདུག

མེ་རི་འཕྱུར་སྐབས་རི་འཛེགས་པ་75རི་ཁྲོད་དུ་ལུས་ཡོད་པ་དང་། དེའི་ནང་ལས་མི་23རྐྱེན་ལམ་དུ་ཤོར་བ་དང་། མི་52བསྐྱབས་པ། མི་52ཁྲོད་ནས་མི་7སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པ་དང་དེ་བྱིངས་མི་45རང་ཁྱིམ་དུ་ལོག་ཡོད།

中央广播电视总台 央广网 版权所有

▶ཀ་ཧྲ་རྒྱུད་ཀྱི་བྱིས་པ་མང་པོ་བཀྲེས་ལྟོཊ་ཀྱིས་མནར་བཞིན་ཡོད།

ཡུལ་གྱར་བ་ནཱ་ཅི་ཡིས། ང་ཚོར་མཚམས་རེ་ཉིན་ཁ་ཤས་བསྟུད་མར་ཟས་རིགས་མི་རྙེད་པ་དང་། སྐབས་རེར་ཉིན་རེ་གཉིས་ལ་ཟས་རིགས་རྙེད་མི་ཐུབ།