ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

​▶ཨ་རིའི་མཚོན་ཆ་དབྱི་སི་རལ་དུ་འབྱོར་བ་དང་ཕུའུ་ཅིང་དང་པའེ་ཏེང་་་

2023-10-24 15:49:00     责编:娜科

 

དབྱི་སི་རལ་གྱི་སྨྱན་སྦྱོར་དང་ཕ་ལི་སི་ཐན་སྨན་བཅོས་ལས་ཁུངས་ཀྱིས་སྤྱི་ཚེས་11ཉིན་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་གསར་ཤོས་ལ་གཞིགས་ན། ཕ་ལི་སི་ཐན་དང་དབྱི་སི་རལ་དབར་གདོང་ཐུག་གསར་པ་ཐོན་པ་ནས་བཟུང་མི་སྣ་2100ལྷག་ཙམ་རྐྱེན་ལམ་དུ་ཤོར་ཡོད་པ་རེད།

 

 

དབྱི་སི་རལ་སྨྱན་སྦྱོར་གྱིས་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་11ཉིན་གྱི་ཐོ་རེངས་སུ་ཕ་ལི་སི་ཐན་དང་དབྱི་སི་རལ་དབར་གྱི་རེས་སྐོར་གསར་པའི་གདོང་ཐུག་ཁྲོད་དབྱི་སི་རལ་གྱི་མི་སྣ་1200ཙམ་རྐྱེན་ལམ་དུ་ཤོར་ཡོད་ཅེས་གནས་ཚུལ་སྤེལ་ཡོད། དབྱི་སི་རལ་འཕྲོད་བསྟེན་པུས་སྤྱི་ཚེས་10ཉིན་གྱི་དགོང་མོ་རྒྱལ་ཡོངས་ཀྱི་སྨན་ཁང་ཆེ་གྲས་ཁག་གིས་རྨས་སྐྱོན་ཕོག་པར་སྨན་བཅོས་བྱེད་ཚད་མི་གྲངས་2901བར་མང་དུ་ཕྱིན་ཡོད་ཅེས་བསྟན་འདུག

སྤྱི་ཚེས་10ཉིན་གྱི་དགོང་མོ་ཕ་ལི་སི་ཐན་འཕྲོད་བསྟེན་པུས་སྤྱི་ཟླ་10པའི་ཚེས་7ཉིན་ཕ་ལི་སི་ཐན་དང་དབྱི་སི་རལ་དབར་གདོང་ཐུག་བྱུང་བ་ནས་བཟུང་། ཀ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་པོའི་ནུབ་ངོགས་ས་ཁུལ་གཉིས་ཀྱི་མི་སྣ་རྐྱེན་ལམ་དུ་ཤོར་ཚད་921ཟིན་པ་དང་དེ་མིན་མི་སྣ་4630ལ་རྨས་སྐྱོན་ཕོག་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།

 

 

སྤྱི་ཚེས་10ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་གཙོ་བོ་ཁག་གིས་རི་ནེ་ཝར་སྐོང་འཚོགས་བྱས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག རེས་སྐོར་གསར་པའི་ཕ་ལི་སི་ཐན་དང་དབྱི་སི་རལ་བར་གྱི་གདོང་ཐུག་ནང་མི་སྣ་འབོར་ཆེན་ཤི་རྨས་བྱུང་ཞིང་རྒྱུ་ནོར་གྱི་གྱོང་གུན་ཆེན་པོ་བཟོས་ཡོད་པས། མི་སེར་ལ་དམིགས་པའི་གཏུམ་སྤྱོད་བྱེད་སྤྱོད་མཐའ་དག་སྤེལ་མཚམས་འཇོག་དགོས་པའི་རེ་འབོད་བྱས་ཡོད་ཅེས་བསྟན་འདུག

 

 

 

ཨ་རིའི་ཙུང་ཐུང་པའེ་ཏེང་གིས་དབྱི་སི་རལ་ལ་དམག་དོན་རྒྱབ་སྐྱོར་འཕར་མ་བྱ་རྒྱུ་ཡིན་ཞེས་བརྗོད་པ།

ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་10ཉིན། ཨ་རིའི་ཙུང་ཐུང་པའེ་ཏེང་གིས་ཨ་རིས་དབྱི་སི་རལ་ལ་དམག་དོན་རྒྱབ་སྐྱོར་དེ་བས་མང་བ་བྱས་ནས་དབྱི་སི་རལ་ལ་ཧ་མ་སིའི་འཇབ་རྒོལ་འགོག་པའི་དམག་དོན་གྱི་དགོས་མཁོ་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་ཡོད། དེའི་གོང་ཨ་རིའི་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱི་འཐབ་ཇུས་འབྲེལ་གཏུག་མཐུན་སྦྱོར་པ་གཡོད་ཧན·ཁོ་པིས་ཨ་རི་ཕྱོགས་ཀྱིས་དབྱི་སི་རལ་ལ་མཁོ་འདོན་བྱས་པའི་མཁའ་ཟོན་སྒྲིག་ཆས་དང་རྫས་མདེལ་ཚུད་པའི་དུས་ཁག་དང་པོའི་དམག་དོན་རྒྱབ་སྐྱོར་གྱི་གོ་མཚོན་ཁག་དབྱི་སི་རལ་ལ་དབོར་འདྲེན་བྱེད་བཞིན་ཡོད་པའི་ར་སྤྲོད་བྱས་འདུག

 

 

ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་10ཉིན་གྱི་དགོང་མོ་དབྱི་སི་རལ་དམག་ཕྱོགས་ཀྱིས་ཨ་རིའི་གོ་མཚོན་སྒྲིག་ཆས་བླུགས་པའི་གནམ་གྲུ་ཐོག་མ་དེ་དབྱི་སི་རལ་གྱི་ནེ་ཝ་ཐི་མུའུ་མཁའ་དམག་རྟེན་གཞིར་བབས་ཡོད་ཅེས་བཤད་ཡོད་མོད། འོན་ཀྱང་མིག་སྔར་དབྱི་སི་རལ་དམག་དཔུང་ཕྱོགས་ཀྱིས་གོ་མཚོན་སྒྲིག་ཆས་དེ་དག་གི་སྤྱོད་ཡུལ་གསལ་བཤད་ཞིབ་ཕྲ་བྱས་མེད་ཅེས་བསྟན་འདུག

 

 

ཨུ་རུ་སུའི་ཙུང་ཐུང་གིས་ཕ་ལི་སི་ཐན་དང་དབྱི་སི་རལ་དབར་གདོང་ཐུག་བྱུང་བ་དེའི་ཐོག་ནས་ཨ་རིའི་དབུས་ཤར་ས་ཁུལ་གྱི་སྲིད་ཇུས་ཕམ་ཉེས་བྱུང་བ་མཚོན་གྱི་ཡོད་ཅེས་བརྗོད་པ།

ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་10ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཁེ་ལི་མུ་ལིན་ཕོ་བྲང་དུ་འཚམས་འདྲིར་ཕེབས་པའི་དབྱི་རག་གི་ཙུང་ལི་སུའུ་ཏ་ཉི་དང་གྲོས་མོལ་གནང་བ། 

ཕུའུ་ཅིང་གིས་ཨུ་རུ་སུ་ཕྱོགས་ཀྱིས་དབུས་ཤར་ས་ཁུལ་གྱི་དུས་བབ་ཇེ་སྡུག་ཏུ་སོང་བར་དོ་སྣང་བྱུང་། དེ་ནི་ཨ་རིའི་དབུས་ཤར་ས་ཁུལ་གྱི་སྲིད་ཇུས་ཕམ་ཉེས་བྱུང་བའི་མངོལ་གསལ་དོད་པའི་དཔེ་མཚོན་ཞིག་རེད་ཅེས་བརྗོད་ཡོད།

 

 

ཕུའུ་ཅིང་གིས་ཨ་རི་ཕྱོགས་ཀྱིས་དུས་ནམ་ཡང་དབུས་ཤར་ས་ཁུལ་གྱི་གནད་དོན་དེ་སྒེར་ཐོག་ནས་ཐག་གཅོད་བྱ་རྒྱུའི་རེ་ངན་འཆང་བ་མ་ཟད། ཕྱོགས་གཉིས་པོས་དང་ལེན་བྱེད་ཐུབ་པའི་མཐུན་ཐབས་ཀྱི་ཇུས་གཞི་ཞིག་འཚོལ་རྒྱུའི་བསམ་གཞིག་གཏན་ནས་མི་བྱེད་པར་རང་ཉིད་ཀྱིས་ཡང་དག་པར་འདོད་པའི་བསམ་ངན་ཁྱབ་གདལ་གཏོང་བ་དང་ཕ་ལི་སི་ཐན་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྣང་མེད་དུ་བཏང་ཡོད་ཅེས་དང་། ཕུའུ་ཅིང་གིས་ཕ་ལི་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་ཐག་གཅོད་བྱེད་པར་ཕ་ལི་སི་ཐན་གྱི་བདག་དབང་རྒྱལ་ཁབ་འཛུགས་རྒྱུའི་སྐོར་གྱི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་བྱེད་དགོས་ཅེས་ནན་བཤད་བྱས་པ་དང་། ཁོང་གིས་གདོང་ཐུག་ཕྱོགས་ཁག་ནས་མི་སེར་ལ་གནོད་འཚེ་ཕོག་ཚད་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་པའི་འབོད་སྐུལ་ཡང་བྱས་ཡོད་པ་རེད།

 

 

སུའུ་ཏ་ཉིས་ཕ་ལི་སི་ཐན་གྱི་དུས་བབ་སྡུག་ཏུ་མགྱོགས་མྱུར་ཕྱིན་པ་དེ་ཕ་ལི་སི་ཐན་མི་དམངས་ཀྱི་ཁེ་དབང་ལ་བཙན་གནོད་བྱས་པ་དང་འབྲེལ་བ་ཡོད། དབྱི་རག་གིས་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་ལ་གཞོལ་བ་དང་། སྐད་ཆ་ཤོད་རེས་བྱས་ཏེ་ཞི་བའི་ཐོག་ནས་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་གདོང་ཐུག་གིས་མི་ཆོས་རིང་ལུགས་དང་དཔལ་འབྱོར་ཐད་མཇུག་འབྲས་ངན་པ་ཐོན་རྒྱུར་དོགས་ཟོན་བྱེད་ཀྱི་ཡོད་ཅེས་བརྗོད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག ལྷག་པ། ཚེ་ཕུན།

ཡིག་སྒྱུར། སྒྲོལ་མ་མཚོ།

中央广播电视总台 央广网 版权所有

​▶ཨ་རིའི་མཚོན་ཆ་དབྱི་སི་རལ་དུ་འབྱོར་བ་དང་ཕུའུ་ཅིང་དང་པའེ་ཏེང་་་

སུའུ་ཏ་ཉིས་ཕ་ལི་སི་ཐན་གྱི་དུས་བབ་སྡུག་ཏུ་མགྱོགས་མྱུར་ཕྱིན་པ་དེ་ཕ་ལི་སི་ཐན་མི་དམངས་ཀྱི་ཁེ་དབང་ལ་བཙན་གནོད་བྱས་པ་དང་འབྲེལ་བ་ཡོད།