ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བོད་ལུཊ་ཀེ་རོམ་ཐད་སྤྱན་སྦིར་བ་ཁོང་གིས་འདི་ལྟར་གནང་འདུག ༼སྒྲ།༽

2024-03-20 15:57:00     责编:娜科

རེས་གཟའ་ཉི་མའི་ཉིན་ཞིག་ལ། ལྷ་སའི་རྒྱལ་རྩེ་ཤར་ཀོག་ཧྥེའི་ཁང་དུ་ན་སོ་དར་ལ་བབ་པའི་མི་སྣ་སྐོར་ཞིག་སྒྲོག་རྩེ་གྲུ་བཞི་ཁ་གང་མ་ཞིག་གི་མདུན་དུ་ཞུགས་ནས་དམིགས་བསལ་གྱི་རོལ་རྩེད་ཅིག་རྩེད་བཞིན་མཆིས། དེ་ནི་གུས་པས་རྣམ་པ་ཚོར་གླེང་བར་བྱ་བའི་རྩེད་མོ་སྟེ་བོད་ལུགས་ཀེ་རོམ་རེད།

 

 

བོད་ལུགས་ཀེ་རོམ་གྱི་སྐོར་ཞུས་ན་རྒན་རྒྱལ་རྩེ་ཤར་མིག་དམར་དོན་གྲུབ་ལགས་ནི་མི་གླེང་ཐབས་མེད་ཀྱི་མི་སྣ་ཞིག་ཏུ་གྱུར་ཡོད།  རྒན་ལགས་ཁོང་གིས་གསུངས་པ་ལྟར་ན། ཁོང་ཆུང་དུས་སྐབས་བོད་ལུགས་ཀེ་རོམ་དང་ཤོ་རྩེད་གཉིས་རྩེད་མཁན་ཤིན་ཏུ་མང་པོ་ཡོད་པ་དང་། ལྷག་པར་དུ་ཞོལ་སྤུན་ཟླའི་ཇ་ཁང་དང་ཐལ་སྤུངས་སྒང་རྒྱུད་དུ་རྩེད་མོ་དེ་རྩེད་མཁན་དེ་བས་མང་བ་ཡོད། གནས་དེ་གཉིས་ལ་མི་རྣམས་ཀྱིས་ཁོམ་པ་ཡོད་ཕྱིན་ཇ་མངར་མོའི་བྲོ་བར་རོལ་གྱིན་སེམས་པ་རྩེ་གཅིག་ཏུ་སྒྲིམ་ནས་བོད་ལུགས་ཀེ་རོམ་རྩེད་དེ་དུས་འདའ་བར་བྱེད་སྲོལ་ཡོད་སྐད།

 

རྒན་མིག་དམར་དོན་གྲུབ་ལགས་ནས་བོད་ལུགས་ཀེ་རོམ་རྩེད་བཞིན་པ།

 

བོད་ལུགས་ཀེ་རོམ་ལ་མཁས་པའི་རྒན་རབས་རྣམ་པའི་ངག་རྒྱུན་ལྟར་ན། ཀེ་རོམ་གྱི་རོལ་རྩེད་དེ་སྔར་བོད་དུ་དར་རྗེས་དེ་མ་ཉིད་དུ་དམངས་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་བ་དང་། ལྷག་པར་དུ་ལྷ་སའི་བར་སྐོར་སོགས་ཀྱི་རྒྱུད་དུ་ཀ་ཤི་སྨིར་ནས་་ཡོང་བའི་ཚོང་འགྲུལ་རྣམས་ཀྱི་ཁྲོད་དུ་དེ་བས་ཀྱང་དར་བཟོ་ཆེན་པོ་བྱུང་ཡོད། ཕྱིས་སུ་བོད་མི་རིགས་མི་དམངས་ཀྱི་འཚོ་བའི་གོམས་གཤིས་སོགས་ཀྱི་ཤན་ཞུགས་ནས་ཀེ་རོམ་གྱི་རྩེད་སྟངས་དང་སྒྲིག་སྲོལ་སོགས་ལའང་འགྱུར་བ་ཅུང་ཟད་བྱུང་སྟེ་ས་གནས་དེ་གའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རོལ་རྩེད་ཅིག་ཏུ་གྱུར་བས། མི་རྣམས་ཀྱིས་ཀྱང་རོལ་རྩེད་དེར་བོད་ལུགས་ཀེ་རོམ་ཞེས་སུ་འབོད།

 

སྡི ང་བྱང་རྡོ་རྗེ་རྒྱལ་མཚན། འདྲ་པར་རྒན་མིག་དམར་དོན་གྲུབ་ལགས་ནས་མཁོ་འདོན་གནང་།

 

རླངས་ཀྱི་པོ་ཏི་བསེ་རུ་ལས། ལར་སྐྱེས་མི་ཡིས་རང་གི་སྐྱེས་རྒྱུད་མ་ཤེས་ན། ནགས་གསེབ་རང་དགར་རྒྱུ་བའི་སྤྲེལ་འཁྱམས་འདྲ་ཞེས་གསུངས་པ་ལྟར། མཚམས་དེར་སླེབས་དུས། སྐབས་བབ་ཀྱི་བརྗོད་བྱར་གྱུར་བའི་བོད་ལུགས་ཀེ་རོམ་གྱི་འབྱུང་ཁུངས་དང་གང་དེའི་ཐ་སྙད་སོགས་ཀྱི་སྐོར་ལ་རྒན་རྒྱལ་རྩེ་ཤར་མིག་དམར་དོན་གྲུབ་ལགས་ཀྱིས་ཞིབ་འཇུག་གྲུབ་འབྲས་ལུང་དུ་དྲངས་ནས་ཅུང་ཟད་གླེང་བར་བྱའོ།

 

མཁས་དབང་ཆེན་མོ་རྡོ་མགོན་གསང་བདག་རྡོ་རྗེ་མཆོག་ནས་བོད་ལུགས་ཀེ་རོམ་རྩེད་བཞིན་པ། འདྲ་པར་རྒན་མིག་དམར་དོན་གྲུབ་ལགས་ནས་མཁོ་འདོན་གནང་།

 

རྒན་ལགས་ཁོང་གིས་སྔོན་མ་སློབ་དཔོན་ཆེན་པོ་རྡོ་མགོན་གསང་བདག་རྡོ་རྗེ་མཆོག་དང་དེ་བཞིན་རྒན་རབས་རྣམས་ལ་བཀའ་འདྲི་དང་ཞིབ་འཇུག་གནང་བ་ལྟར་ན། ཀེ་རོམ་ནི་སྔར་རྒྱ་གར་ཡུལ་གྱི་རྒྱལ་པོ་ཞིག་གིས་བཙུན་མོར་དབུ་འཁོར་ཆེད་རྒྱུ་ཤེལ་ལས་གྲུབ་པའི་ཀེ་རོམ་ཞིག་གསར་དུ་བཟོས་པ་ཞིག་ཡིན་ཞིང་། ཤེལ་གྱིས་བཟོས་པའི་ཀེ་རོམ་དེ་ཡང་དེང་དུས་མཇལ་རྒྱུ་ཡོད་པར་གྲགས། དེ་ནས་དུས་ཕྱིས་སུ་ཀེ་རོམ་གྱི་རོལ་རྩེད་དེ་ཨ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཁག་ཏུ་དར་བ་མ་ཟད་ཨ་ཤེ་ཡ་ནུབ་མ་དང་ཡོ་རོབ། དེ་བཞིན་ཨ་རི་དང་ཁ་ན་ཏ་སོགས་གླིང་ཆེན་དང་རྒྱལ་ཁབ་མང་པོར་ཡང་དར་ཁྱབ་བྱུང་ཡོད།  དེར་བརྟེན། བོད་ལུགས་ཀེ་རོམ་ཡང་རྒྱ་གར་ཡུལ་ནས་དར་བ་ནི་གདོན་མི་ཟ་བ་ཞིག་རེད། ཀེ་རོམ་ཞེས་པའི་ཐ་སྙད་དེ་ནི་རྒྱ་གར་ཧིན་དྷིའི་སྐད་སྒྲ་ཟུར་དུ་ཆགས་པ་ཞིག་ཡིན་ཞིང་། ད་ནས་རྩིས་པའི་མི་ལོ་150ཙམ་གྱི་གོང་རོལ་དུ་ཀ་ཤི་སྨིར་བས་བོད་ཡུལ་དུ་འཁྱེར་ཡོང་བའི་རོལ་རྩེད་ཅིག་ཡིན་པ་དང་། དེ་ནས་དུས་ཀྱི་རླབས་རྒྱུན་དང་བསྟུན་ནས་ལྷ་སར་དར་བཟོ་བྱུང་བ་ཞིག་རེད་འདུག བོད་ལྗོངས་སུ་ཀེ་རོམ་གྱི་རོལ་རྩེད་དེ་ཐོག་མར་དར་བའི་སྐབས་སུ་མི་དཔོན་སྐུ་དྲག་དང་། ཚོང་པ་རྣམས་ཀྱི་གཟིམས་ཤག་ཏུ་དར་ཁྱབ་བྱུང་བས་མ་ཚད་ལྷག་པར་དུ་དབྱར་སྟོན་སོགས་ཀྱི་སྐབས་སུ་གོང་རིམ་གྱི་མི་སྣའི་བར་ལའང་འགྲན་བསྡུར་བྱེད་པའི་སྲོལ་ཀྱང་འདུག  ཀེ་རོམ་གྱི་རོལ་རྩེད་དེ་རྩེད་སྟངས་སྟབས་བདེ་ལ་སྦྱོང་སླ་བའི་ཁར། རྒན་དར་གཞོན་གསུམ་ཚང་མས་རྩེད་ཆོག་པའི་དབང་གིས་རིམ་གྱིས་དམངས་ཁྲོད་ཀྱི་རོལ་རྩེད་རྣམ་གྲངས་ཤིག་ཏུ་གྱུར་ཡོད། བྱ་བ་ཐབས་ཅད་ལད་མོ་ཡིན། ལད་མོའི་ནང་ནས་སུ་མཁས་ཡིན་ཞེས་པའི་དཔེ་བཞིན། ཀེ་རོམ་གྱི་རོལ་རྩེད་བོད་ལྗོངས་ཀྱི་དམངས་ཁྲོད་དུ་དར་ཁྱབ་བྱུང་ཚུན། ཀེ་རོམ་ལ་མཁས་པའི་ས་གནས་དེ་རང་གི་མཁས་པ་ཡང་ཆར་རྗེས་ཀྱི་ཤ་མོ་བཞིན་ཐོན་ནས་བོད་ལྗོངས་སུ་རོལ་རྩེད་དེ་ཉིད་དར་སྤེལ་དང་ཁྱབ་གདལ་འགྲོ་རྒྱུར་ནུས་པ་མི་དམན་པ་ཞིག་ཐོན་ཡོད།

 

མུ་མཐུད། བོད་ལུགས་ཀེ་རོམ་དུ་ཡོད་པའི་དམིགས་བསལ་གྱི་ཐ་སྙད་ཁག་ཅིག་གི་སྐོར་མདོ་ཙམ་ཞུས་ན། 

དང་པོ། ཕྱིའི་སྒྲ་རང་སོར་བཞག་པའི་ཐ་སྙད།

༡ ཀེ་རོམ་ཞེས་པའི་སྒྲ་ནི་ཐོག་མར་ཧིན་དྷིའི་སྐད་ཐད་ཀློག་བྱས་ནས་བྱུང་བ་ཞིག་ཡིན་རུང་སྐབས་ཤིག་རིང་ཀེ་རིམ། ཀེ་ཊམ། ཀེ་རུམ་ལྟ་བུ་མང་པོ་ཞིག་བྱུང་རྐྱེན། རྒན་ལགས་ཁོང་གིས་བོད་ཡིག་དང་ལེགས་སྦྱར། ཧིན་དྷིའི་སྐད་སོགས་ལ་བྱང་ཆུབ་པའི་མཁས་པ་འགར་སྐྱབས་འཇུག་ཞུས་རྗེས། རོལ་རྩེད་དེའི་སྒྲ་བོད་སྐད་དུ་ཐག་ཉེ་ཤོས་ནི་ཀེ་རོམ་ཡིན་པ་རྟོགས་རྗེས་ཕྱིས་སུ་ཀེ་རོམ་ཞེས་པར་བསྒྱུར་བཅོས་གནང་།

སེ་ཊ། དབྱིན་སྐད་Sideནས་བྱུང་བ་དང་། དེ་ནི་རྡོའི་ཟུར་ཚད་ངེས་ཅན་ཞིག་ལ་རྒྱག་ཁ་ཞུས་ནས་རྡོ་ཨི་ཁུང་ནང་ཐད་ཀར་བླུགས་པའི་དོན།

འབི་སི་ཏོབ། དབྱིན་སྐད་Pistolལས་བྱུང་བ།       དེ་ནི་མེ་མདའ་ཐུང་མདའི་དབྱིབས་བཞིན་གྱི་རྡོའི་འགྲོ་སྟངས་བསྟན་པའི་དོན་དུ་གོ  ཁ་ཅིག་གིས་ཁའོ་སུའུ་ཞེས་གསུང་སྲོལ་ཡང་ཡོད།

ཨྰད། དབྱིན་ཡིག་Aཡི་དབྱིབས་ལྟར་རྒྱག་ཁ་མདུན་གྱི་མཐའ་ཤིང་ལ་བརྡུང་ནས་དམིགས་ཡུལ་ཁུལ་དུ་གཏོང་བ་ལས་བྱུང་བའི་དོན་ཡིན།

ལེང་པང་། རྒྱ་སྐད་连环球ལས་བྱུང་བའི་ཐད་ཀློག་གི་སྒྲ། དེ་ནི་རྒྱག་ཁ་རྡོ་ཀ་པར་བརྡུང་ནས་རྡོ་ཁ་པར་གཏུག་པའི་དོན་སོགས་ལྟ་བུ་མང་བའོ།

གྷེམས། དབྱིན་སྐད་GAMEལས་བྱུང་ཞིང་། དེ་ནི་རོལ་རྩེད་དང་རྩེད་མོའི་དོན་ཡིན།

 

གཉིས་པ། བོད་པ་རང་གི་ཐ་སྙད།

སྲབ་བརྡུང་། འབྱར་བླུགས་མ་ཡིན་པར་མཐའ་ཤིང་ལ་ཉེ་བའི་རྡོ་སྲབ་མོའི་ཐོག་ནས་མཐའ་ཤིང་ལ་བརྡུང་ནས་ཨི་ཁུང་ནང་བླུགས་པའི་དོན།

མཐུད། རྡོ་ཀ་པས་རྡོ་ཁ་པའི་རྗེས་ལ་མཐུད་པའི་དོན།

ལག་འོག རང་གི་རྡོ་ཨི་ཁུང་གཡས་གཡོན་ལ་ཨྰད་དང་བརྡབ་བླུགས། ཅོབ་སོགས་མིན་པར་ཐད་ཀར་བླུགས་པའི་དོན།

ཨམ་ཅོག ལག་འོག་གི་རྡོ་མཐའ་ཤིང་ལ་བརྡུང་ནས་གཡས་ནས་གཡོན་ལ་གཏོང་སྐབས་རྣ་བས་སྒྲ་ཉན་པ་ལྟ་བུའི་རྣམ་པ་ཡོད་རྐྱེན་འདི་ལྟར་མིང་ཐོབ།

སྒོ་ང་། གྷེམས་གཅིག་ལ་གྲངས་ཀ་ཀླད་ཀོར།

 

བོད་ལུགས་ཀེ་རོམ་རྩེད་བཞིན་པའི་རྣམ་པ། འདྲ་པར་རྒན་མིག་དམར་དོན་གྲུབ་ལགས་ནས་མཁོ་འདོན་གནང་།

 

ཉེ་ལམ་ལོ་ཤས་རིང་། གློག་རྡུལ་ཐོན་རྗས་མི་རྣམས་ཀྱི་རྩེད་ཆས་གཙོ་གྲས་སུ་གྱུར་བ་དང་བསྟུན་ནས་བོད་ལུགས་ཀེ་རོམ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཐད་འགོག་རྐྱེན་མི་ཉུང་བ་ཞིག་འཕྲད་ཡོད། དེ་ལྟ་བུའི་ཡིད་སྐྱོ་བའི་གནས་བབ་མདུན་དུ། བོད་ལུགས་ཀེ་རོམ་གྱི་སྲོལ་རྒྱུན་རྩེད་སྟངས་རྒྱུན་འཛིན་དང་དེའི་དམིགས་བསལ་གྱི་ཡིད་འགུག་ནུས་པ་སྔར་བས་འདོན་སྤེལ་ཐུབ་པའི་ཁར། གང་དེ་དེང་དུས་སྤྱི་ཚོགས་འཕོ་འགྱུར་ལས་བྱུང་བའི་མི་རྣམས་ཀྱི་རོལ་རྩེད་དགོས་མཁོ་དང་ཇི་ལྟར་མཐུན་པ་བྱེད་མིན་དེ་རེ་ཞིག་རྒན་རྒྱལ་རྩེ་ཤར་མིག་དམར་དོན་གྲུབ་ལགས་ཀྱི་སེམས་གཅོང་དུ་གྱུར་བ་དང་། དུས་དེ་ནས་བཟུང་། ཁོང་གིས་ཐུགས་དབུས་སུ་བོད་ལུགས་ཀེ་རོམ་གྱི་མཐུན་ཚོགས་ཤིག་འཛུགས་པའི་དགོངས་པ་འཆར།

 

གསར་འགོད་པས་རྒན་ལགས་རྣམ་གཉིས་ལ་བཅར་འདྲི་ཞུ་བཞིན་པ།

 

བོད་ལུགས་ཀེ་རོམ་མཐུན་ཚོགས་མ་བཙུགས་གོང་དུའང་ཁོང་ནས་རོལ་རྩེད་དེའི་རྒྱུན་འཛིན་དང་གོང་འཕེལ་ཐད་ཕྱག་ལས་མི་དམན་པ་ཞིག་བསྒྲུབས་གནང་ཡོད། དཔེར་ན། ཁོང་ནས། ལོ་མང་རིང་མི་རྒྱུ་གཉིས་བཏང་ནས་བོད་ལུགས་ཀེ་རོམ་གྱི་ལོ་རྒྱུས་དཔྱད་གཞི་སྔོག་འདོན་དང་ལེགས་སྒྲིག་གནང་བ་མ་ཟད་སྙན་གྲགས་ཀྱི་བ་དན་གཡོ་བའི་བོད་རིག་པའི་མཁས་དབང་ཆེན་མོ་རྒན་རྡོ་མགོན་གསང་བདག་རྡོ་རྗེ་མཆོག་གི་དྲུང་ནས་བོད་ལུགས་ཀེ་རོམ་གྱི་འབྱུང་ཁུངས་དང་དར་སྤེལ་སོགས་ཀྱི་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་སྟེ་དུས་དེབ་ཁག་གི་ཐོག་ཏུ་འབྲེལ་ཡོད་ཀྱི་དཔྱད་རྩོམ་ཀྱང་མང་དག་ཅིག་སྤེལ་གནང་མཛད་ཡོད། ད་དུང་། བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་གནས་ཁག་གིས་སྤེལ་བའི་གཞུང་ཕྱོགས་དང་དམངས་ཁྲོད་ཀྱི་འགྲན་བསྡུར་མང་པོའི་ནང་ཤན་འབྱེད་པ་དང་དཔྱད་འདེམས་པའི་ཕྱག་ལས་གནང་ཡོད་ལ། སློབ་གྲྭ་འབྲིང་ཆུང་ཁག་ཏུ་ཕེབས་ནས་བོད་ལུགས་ཀེ་རོམ་གྱི་ཤེས་བྱ་ཁྱབ་གདལ་དང་འབྲེལ་ཡོད་ཡོ་ཆས་མཁོ་འདོན་གནང་བས་མ་ཚད། རང་ཉིད་ཀྱིས་མ་དངུལ་ཆིག་འབུམ་ཙམ་བཏང་ནས་སྔ་རྗེས་སུ་འགྲན་བསྡུར་སྐབས་བཞི་ཙམ་ཞིག་སྒྲིག་འཛུགས་གནང་བ་སོགས། མདོར་ན། བོད་ལུགས་ཀེ་རོམ་གྱི་གོང་འཕེལ་ཐད་རང་ནུས་ཡོད་རྒུས་ལེགས་སྐྱེས་འབུལ་གནང་མཛད་ཡོད།

 

རྒན་མིག་དམར་དོན་གྲུབ་དང་རྒན་དབང་འདུས་ཚེ་རིང་རྣམ་གཉིས་ནས་ངོ་སྤྲོད་གནང་བཞིན་པ།

 

ལྷག་པར་དུ། དམངས་ཁྲོད་དུ་བོད་ལུགས་ཀེ་རོམ་གྱི་རོལ་རྩེད་རྩེད་སྐབས། ཚད་ལྡན་གྱི་སྒྲིག་སྲོལ་ཞིག་མེད་པའི་དབང་གིས་འགྲན་ཡ་ཕྱོགས་གཉིས་པོའི་བར་རྩོད་པ་ཤོར་བ་དང་ཁ་ཤུགས་ཆེ་ཆུང་ཤོར་བ་སོགས་ཀྱི་གནད་དོན་ལྡན་པར་དམིགས་ཤིང་། སྒོས་སུ་བོད་ལུགས་ཀེ་རོམ་ལ་ཀུན་གྱིས་ཁས་ལེན་བྱེད་པའི་སྒྲིག་སྲོལ་འཐུས་ཚང་ཞིག་མེད་ན་འགྲིག་ཐབས་མིན་འདུག་སྙམ་སྟེ། ཁོང་གིས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུད་ཀྱི་འབྲེལ་ཡོད་དབུ་ཁྲིད་ལ་དེའི་སྐོར་ཞུས་པར། གོང་རིམ་ནས་ཁྱེད་རང་ནས་བོད་ལུགས་ཀེ་རོམ་ཐད་ཀྱི་སྒྲིག་སྲོལ་ཞིག་བཟོས་དང་ང་ཚོས་དེ་ཁས་ལེན་བྱའོ་ཞེས་ལན་བཏབ་པས། གོང་རིམ་གྱིས་བཏབ་པའི་ལན་དང་ཁོང་གི་དགོངས་པ་གཉིས་བསམ་ཐོག་ཏུ་རྟ་རྒྱུག་པ་དང་འདོད་ཐོག་ལ་ཆར་པ་འབབ་པ་ལྟར་བྱུང་རྐྱེན། སྤྱི་ལོ་2021ལོར། རྒན་རྒྱལ་རྩེ་ཤར་མིག་དམར་དོན་གྲུབ་ལགས་ཀྱི་སྐུལ་སློང་བཟང་པོའི་འོག ཁོང་དང་བོད་ལུགས་ཀེ་རོམ་ལ་དད་ཞེན་ཆེ་ཞིང་བྱང་ཆ་ལྡན་པའི་མི་སྣ་43མཉམ་དུ་འདུས་ནས་བོད་རྒྱ་ཤན་སྦྱར་གྱི་པར་རིས་འདྲེས་མའི་བོད་ལུགས་ཀེ་རོམ་གྱི་སྒྲིག་སྲོལ་ཞེས་པ་གཏན་ལ་ཕབ་ཡོད།  མིག་སྔར། སྒྲིག་སྲོལ་དེ་ཡང་བོད་ལུགས་ཀེ་རོམ་འགྲན་བསྡུར་གྱི་སྒྲིག་སྲོལ་འཐུས་སྒོ་ཚང་ཤོས་ཤིག་ཏུ་གྱུར་ཡོད་ལ། གཞུང་ཕྱོགས་དང་དམངས་ཁྲོད་གཉིས་ཀྱི་འགྲན་བསྡུར་ཁག་གི་ནང་དུ་ཁྱབ་གདལ་དང་བེད་སྤྱོད་བྱུང་ཡོད།

 

བོད་ལུགས་ཀེ་རོམ་མཐུན་ཚོགས་ཀྱི་ཚོགས་མིའི་བར་འགྲན་བསྡུར་གནང་བཞིན་པ།

 

བོད་ལུགས་ཀེ་རོམ་གྱི་རིག་གནས་དེ་སྔར་བས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་མང་ཚོགས་ཀྱི་རིག་གནས་འཚོ་བ་དང་ལུས་རྩལ་གྱི་བྱང་ཚད་མཐོ་རུ་གཏོང་ཆེད། སྤྱི་ལོ་2023ལོའི་ཟླ་བ་5པར་བོད་རང་སྐྱོང་ལྗོངས་ཀྱི་བོད་ལུགས་ཀེ་རོམ་མཐུན་ཚོགས་དངོས་སུ་ལྷ་སར་དབུ་བརྙེས་པ་དང་། རྒན་རྒྱལ་རྩེ་ཤར་མིག་དམར་དོན་གྲུབ་ལགས་ཀྱང་ཚོགས་གཙོ་དང་པོ་དེར་གྱུར་ཡོད། མཐུན་ཚོགས་དབུ་བརྙེས་པའི་རྗེས། གཟའ་འཁོར་རེའི་རེས་གཟའ་ཉི་མ་དེ་གཏན་འཇགས་ཀྱི་འགྲན་བསྡུར་ཉིན་མོར་གཏན་འཁེལ་གནང་བ་མ་ཟད་སྐར་གསོག་འགྲན་བསྡུར་གཉེར་བའི་ཐབས་ལམ་ཐོག་ནས་བོད་ལུགས་ཀེ་རོམ་གྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བཞིན་ཡོད།

དུས་ད་ཆ། གཞུང་ཕྱོགས་དང་དམངས་ཁྲོད་ཀྱི་ཐུན་མོང་གི་འབད་འཐབ་འོག བོད་ལུགས་ཀེ་རོམ་ཁྱབ་གདལ་དང་གོང་འཕེལ་གཏོང་རྒྱུ་དེ་དུས་མཚམས་གསར་པ་ཞིག་ཏུ་སླེབས་ཡོད། ལྷག་པར་དུ། བོད་ལྗོངས་སུ་དར་ཁྱབ་བྱུང་ནས་མི་ལོ་150ཙམ་སོང་བའི་དམངས་ཁྲོད་ཀྱི་རོལ་རྩེད་རྣམ་གྲངས་དེ་ཡང་རྩལ་འགྲན་ལུས་རྩལ་གྱི་རྣམ་གྲངས་གྲས་སུ་གཏོགས་ཡོད། གཞན་ཡང་། ༼བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་ལོ་རྒྱུས༽ཞེས་པའི་ནང་དུའང་བོད་ལུགས་ཀེ་རོམ་ཉིད་བོད་རང་སྐྱོང་ལྗོངས་ཀྱི་རྩལ་འགྲན་ལུས་རྩལ་འགྲན་བསྡུར་ཁྲོད་ཀྱི་རྣམ་གྲངས་དངོས་ལ་གྱུར་བ་གསལ་པོ་བཀོད་པའང་ང་ཚོའི་མཐོང་ཆོས་སུ་གྱུར།

བོད་ལུགས་ཀེ་རོམ་སྒྲིག་སྲོལ། 克朗球规则.doc

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ལྷག་པ།

གསར་འགོད་པ། བྱམས་པ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

བོད་ལུཊ་ཀེ་རོམ་ཐད་སྤྱན་སྦིར་བ་ཁོང་གིས་འདི་ལྟར་གནང་འདུག ༼སྒྲ།༽

བོད་ལུགས་ཀེ་རོམ་གྱི་རིག་གནས་དེ་སྔར་བས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་མང་ཚོགས་ཀྱི་རིག་གནས་འཚོ་བ་དང་ལུས་རྩལ་གྱི་བྱང་ཚད་མཐོ་རུ་གཏོང་ཆེད།