ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

དངུལ་ཁྲི་90བཏང་ན་པེ་ཅིང་སློབ་ཆེན་འགྲིམ་ཐུབ་བམ།

2023-06-17 17:00:00     责编:桑吉卓玛

དངུལ་ཁྲི་90བཏང་ན་པེ་ཅིང་སློབ་ཆེན་འགྲིམ་ཐུབ་བམ།

       ཛ་དྲག་ལ་དངངས་འཚབ་ཆེ་བའི་མཐོ་རྒྱུགས་མཇུག་འགྲིལ་རྗེས། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་རྣམས་ནས་སློབ་གྲྭ་འདེམ་པའི་རེའུ་མིག་སྐོང་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། ལོ་ལྟར་དུས་ཚིགས་འདིའི་སྐབས། སློབ་གསོ་ཚན་པ་དང་མི་སྒེར་མི་ཉུང་བ་ཞིག་གིས་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གིས་ཆ་འཕྲིན་ཡོངས་སུ་ཤེས་རྟོགས་མི་ཐུབ་པ་དང་སློབ་གླིང་དང་སློབ་གྲྭ་ཁག་ལ་རྒྱུས་མངའ་ཞན་པའི་གནས་ཚུལ་བེད་སྤྱད་དེ་གྲགས་ཅན་སློབ་གྲྭར་ཚུད་རྒྱུ་འགན་ལེན་བྱས་ཆོག་ཟེར་བའི་རྫུན་གཏམ་སྨྲས་ཏེ་རྒྱུ་དངུལ་གཡོ་ལེན་བྱེད་ཀྱི་ཡོད། བྱ་སྤྱོད་དེའི་རིགས་ཀྱིས་གཅིག་ནས་རྒྱུན་གཏན་གྱི་སློབ་བསྡུའི་ལམ་ལུགས་ལ་ཤུགས་རྐྱེན་ངན་པ་བཟོ་བ་དང་། སློབ་མའི་ཁྱིམ་ཚང་ལ་དཔལ་འབྱོར་གྱི་གྱོང་གུན་བཟོ་གི་ཡོད་ལ། ད་དུང་རྒྱུགས་སྤྲོད་སློབ་མ་སློབ་གྲྭ་ཆེན་མོར་འགྲོ་རྒྱུར་འཐུས་ཤོར་བཏང་ནས་སློབ་མའི་མདུན་ལམ་ལའང་ཤུགས་རྐྱེན་བཟོ་གི་ཡོད།  ཉེ་དུས། པེ་ཅིང་ཏ་ཤིན་ཁྲིམས་ཁང་གིས་དངོས་བྱུང་གྱོད་གཞི་ཞིག་དཔེ་མཚོན་དུ་དྲངས་ནས་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་རྣམས་ལ་གྲགས་ཅན་སློབ་གྲྭར་ཚུད་རྒྱུ་འགན་ལེན་བྱས་ཆོག་ཟེར་བ་ལ་སོགས་པའི་ཆ་འཕྲིན་རྫུན་མར་ཡིད་ཆེས་མི་བྱེད་རྒྱུའི་དྲན་སྐུལ་བྱས་འདུག

       དེ་ཡང་། སྤྱི་ལོ་2019ལོའི་ཟླ་བ་5པར། སློབ་གསོ་ཀུང་སི (ཀ་པ) ཞིག་དང་ཤའོ་ཆེ་གེ་མོའི (ཁ་པ) བར་༼འཆར་གཞིའི་སློབ་མའི་ཞབས་ཞུའི་གྲོས་ཆོད༽ཅེས་པར་མིང་རྟགས་བཀོད་དེ། ཕྲུ་གུ་ཀྲའོ་ཆེ་གེ་མོ་རང་ཉིད་ཀྱི་བློ་ལ་ཡོད་པའི་སློབ་ཆེན་དུ་རྒྱུགས་འཕྲོད་ནས་ཕུགས་བསམ་མངོན་འགྱུར་དང་། མ་འོངས་པར་འཆར་གཞི་ཡག་པོ་ཞིག་བཟོ་ཆེད། ཀ་པ་དང་ཁ་པ་ཕྱོགས་གཉིས་པོས་གྲོས་མཐུན་བྱས་པ་བརྒྱུད། ཁ་པས་རང་མོས་ངང་ཀ་པའི་ཐད་ཀར་སློབ་གྲྭར་ཚུད་པའི་འཆར་གཞིའི་སློབ་མའི་གསོ་སྦྱོང་རྣམ་གྲངས་ནང་ཞུགས་རྒྱུའི་གྲོས་མཐུན་བཞག་པ་རེད།

       སྤྱི་ཟླ་5ཚེས་24ཉིན།  ཤའོ་ཆེ་གེ་མོས་སློབ་གསོ་ཀུང་སི་ག་གེ་མོར་ཞབས་ཞུའི་རིན་པ་ཁྱོན་སྒོར་ཁྲི་90སྤྲད་པ་དང་། སློབ་གསོའི་ཀུང་སི་དེས་ཀྱང་ཞབས་ཞུའི་རིན་པའི་བྱུང་འཛིན་ཞིག་ཀྱང་བྲིས་ཡོད། འོན་ཀྱང་། སློབ་བསྡུའི་དུས་ཚིགས་ཡོལ་ཟིན་རུང་། ཀྲའོ་ཆེ་གེ་མོར་ལོ་དེའི་པེ་ཅིང་སློབ་ཆེན་གྱི་སློབ་བསྡུའི་ཐོབ་ཐང་རག་མེད། དེར་བརྟེན། ཤའོ་ཆེ་གེ་མོས་སློབ་གསོ་ཀུང་སི་དེ་ཞུ་གཏུག་བྱས་ནས་ཞབས་ཞུའི་རིན་པ་སྒོར་ཁྲི་90ཕྱིར་སློག་བྱེད་དགོས་པ་མ་ཟད་ད་དུང་དུས་འགྱངས་ཆད་དངུལ་ཡང་འཇལ་དགོས་པའི་རེ་བ་བཏོན་ཡོད།

       ཁྲིམས་ཁང་གིས་མཐར། ཕན་མེད་གན་རྒྱ་ལས་ཐོབ་པའི་རྒྱུ་ནོར་ཕྱིར་སློག་བྱ་དགོས་པའི་ཁྲིམས་ཐག་བཅད་ཡོད། ཞིབ་ཙམ་ཞུས་ན། སློབ་གསོ་ཀུང་སི་དེས་གན་རྒྱ་དེར་བརྟེན་ནས་ཐོབ་པའི་སྒོར་ཁྲི་90དེ་ཕྱིར་སློག་བྱེད་དགོས། ཕན་མེད་ཀྱི་གན་རྒྱར་ཁྲིམས་ལུགས་ཀྱི་ཚོད་འཛིན་ནུས་པ་ལྡན་མེད་པ་དང་། ཤའོ་ཆེ་གེ་མོས་ངོས་འཛིན་བྱེད་པའི་དུས་འགྱངས་ཆད་དངུལ་ཟེར་བ་ཡང་ནུས་མེད་དོན་ཚན་ཞིག་རེད། འོན་ཀྱང་། སློབ་གསོ་ཀུང་སིས་ཤའོ་ཆེ་གེ་མོའི་དངུལ་དེ་བདག་འཛིན་བྱེད་པར་ཁྲིམས་ལུགས་ཀྱི་གཞི་འཛིན་ས་མེད་པས་མ་ཚད། ཤའོ་ཆེ་གེ་མོའི་དངུལ་བདག་འཛིན་བྱས་པའི་རིང་ཤའོ་ཆེ་གེ་མོར་སྐྱེད་ཀའི་གྱོང་གུན་བཟོས་ཡོད། དེར་བརྟེན་སློབ་གསོ་ཀུང་སི་དེས་ཤའོ་ཆེ་གེ་མོའི་དངུལ་བླངས་པའི་ཉིན་དེ་ཚུན་གྱི་སྐྱེད་ཀའི་གྱོང་གུན་དེ་འཇལ་དགོས་ཀྱི་ཡོད་པ་རེད།

       དེའི་ཐད། ཁྲིམས་དཔོན་གྱིས་མཐོ་རྒྱུགས་ནི་མི་ཚེའི་ཁྲོད་གལ་འགངས་ཤིན་ཏུ་ཆེ་བའི་དུས་ཚིགས་ཡིན་རུང་། མི་ཚེའི་ཁ་ལོ་བསྒྱུར་བའི་དུས་སྐབས་ཉག་ཅིག་དེ་མིན་པས། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ནས་ཡང་དག་པའི་ཐོབ་ཤོར་གྱི་སེམས་ཁམས་ཐོག་ནས་སྦྱངས་འབྲས་དང་ནུས་པར་བརྟེན་ཏེ་རང་ཉིད་ལ་འཚམས་པའི་མཐོ་སློབ་ལ་ཐོ་འགོད་བྱེད་པ་ལས། སྟེས་དབང་གི་བསམ་བློ་ཁྱེར་ནས་གྲགས་ཅན་སློབ་གྲྭར་ཚུད་རྒྱུ་འགན་ལེན་བྱས་ཆོག་ཅེས་པའི་གཡོ་གཏམ་འོག་ཚུད་དེ་དཔལ་འབྱོར་གྱི་གྱོང་གུན་ཕོག་པའི་སྒང་ལ་ཕྲུ་གུ་རྒྱུན་གཏན་ལྟར་སློབ་ཆེན་འགྲིམ་རྒྱུར་འཐུས་ཤོར་འགྲོ་བའི་གནས་ཚུལ་མི་ཐོན་པ་བྱ་དགོས་པའི་དྲན་སྐུལ་ཞུས་འདུག 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ལྷག་པ། བསྟན་འཛིན།
ཕབ་སྒྱུར། བྱམས་ཚེ།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

དངུལ་ཁྲི་90བཏང་ན་པེ་ཅིང་སློབ་ཆེན་འགྲིམ་ཐུབ་བམ།

ཛ་དྲག་ལ་དངངས་འཚབ་ཆེ་བའི་མཐོ་རྒྱུགས་མཇུག་འགྲིལ་རྗེས། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་རྣམས་ནས་སློབ་གྲྭ་འདེམ་པའི་རེའུ་མིག་སྐོང་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། ལོ་ལྟར་དུས་ཚིགས་འདིའི་སྐབས།