▶ཐུར་ཁེའི་བུ་མོ་ཞིག་ཆུ་ཚོད་178སོང་རྗེས་སྐྱོབ་ཐུབ་འདུག
པེ་ཅིང་གི་དུས་ཚོད་ཟླ་2པའི་ཚེས་14ཉིན་གྱི་ཐོ་རེངས་ཆུ་ཚོད་2པ་ཙམ་ལ་ཐུར་ཁེའི་མཱ་ལ་ཧྲི་ཞིང་ཆེན་ཀུའེ་ཤིང་རོགས་སྐྱོབ་རུ་ཁག་གི་འཚོལ་སྐྱོབ་ཁུལ་དུ་གསོན་པོར་ལུས་པའི་ལོ་10ཅན་གྱི་བུ་མོ་ཞིག་བདེ་བླག་ངང་འཚོལ་སྐྱོབ་ཐུབ་པ་དང་ས་གནས་དེ་གའི་མྱུར་སྐྱོབ་པར་སྤྲད་ཡོད་པ་རེད།
ཐུར་ཁེའི་ས་ཡོམ་གེགས་ཁུལ་གྱི་འཚོལ་སྐྱོབ་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བ་དང་ཚེ་སྲོག་གི་ངོ་མཚར་བསྟུད་མར་འབྱུང་བཞིན་པ།
མིག་སྔར་ཐུར་ཁེའི་ས་ཆ་མང་པོ་ཞིག་གི་འཚོལ་སྐྱོབ་ལས་དོན་སྔར་བཞིན་སྤེལ་བཞིན་ཡོད་པ་རེད། ས་གནས་དེ་གའི་དུས་ཚོད་ཟླ་2པའི་ཚེས་12ཉིན་ནས་ཚེས་13ཉིན་བར་གསོན་པོར་གནས་པའི་མི་མང་དག་ཅིག་བསྐྱབས་ནས་ཚེ་སྲོག་གི་ངོ་མཚར་གཏོད་ཡོད།
ཚེས་13ཉིན་ཐུར་ཁེའི་ཧ་ཐ་དབྱི་ཞིང་ཆེན་གྱི་ཨན་ཐ་ཅི་ཡ་ཡི་རོགས་སྐྱོབ་བྱ་ཡུལ་དུ་བུད་མེད་ཅིག་གྱང་རོའི་ཁྲོད་ནས་བསྐྱབས་ཏེ་སྨན་ཁང་དུ་བསྐྱལ་བ་དང་། ཁོང་མོ་ཆུ་ཚོད་174ཡི་རིང་གྱང་རོའི་ཁྲོད་ལུས་ཡོད་པ་རེད། སྣང་ཚུལ་ངོ་མཚར་ཅན་དེ་འདྲ་ཞིག་གི་མདུན་དུ་རོགས་སྐྱོབ་མི་སྣར་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་རེད།
རོགས་སྐྱོབ་མི་སྣས། ངའི་གྲོགས་པོ་ཚོ། ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོར་རྟེན་འབྲེལ་ཞུ་ཞེས་བརྗོད།
གཞན་ཡང་ཨུ་རུ་སུ་དང་། བྷེ་ཨུ་རུ་སུ། ཁེར་གྷི་སི་ཐན་བཅས་ཀྱི་འཚོལ་སྐྱོབ་མི་སྣས་ཐུར་ཁེར་ཆུ་ཚོད་160ཡི་རིང་ལུས་པའི་སྐྱེས་པ་ཞིག་སྐྱོབ་ཐུབ་པ་བྱུང་ཡོད། ཐེངས་དེའི་རོགས་སྐྱོབ་བྱ་སྤྱོད་ཆུ་ཚོད་བཞི་ལྷག་ཙམ་རིང་སྤེལ་ཡོད།
ཚེས་12ཉིན་གྱི་དགོང་མོ་ཨ་ཏེ་ཡ་མན་ཞིང་ཆེན་དུ་ལོ་16ལ་སླེབས་པའི་བུ་མོ་ཞིག་ས་ཡོམ་བརྒྱབ་ནས་ཆུ་ཚོད་163སོང་རྗེས་བསྐྱབས་ཤིང་། ཆུ་ཚོད་གཉིས་ཀྱི་རྗེས་སུ་ས་གནས་དེ་གའི་རོགས་སྐྱོབ་མི་སྣས་ལོ་44ལ་སླེབས་པའི་བུད་མེད་ཅིག་ཀྱང་བསྐྱབས་ཡོད།
ད་ཐེངས་ཀྱི་ས་ཡོམ་གྱི་ཡོམ་ཁུལ་གནས་སའི་ཁ་ཧོ་ལ་མན་མཱ་ལ་ཧྲི་ཞིང་ཆེན་དུ་ལོ་5ཙམ་གྱི་བྱིས་པ་ཞིག་དང་ལོ་30ཙམ་གྱི་བུད་མེད་ཅིག་གྱང་རོའི་ཁྲོད་ནས་བསྐྱབས་ཡོད་ཅིང་། དེའི་སྔོན་ལ་ཁོ་ཚོ་ཆུ་ཚོད་150ཡི་རིང་གྱང་རོའི་ཁྲོད་ལུས་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གངས་ཕྲུག་བློ་རྒྱ།
ཡིག་སྒྱུར། སྒྲོལ་མ་མཚོ།