ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

མཐོང་དཀོན་པའི་རྒྱུ་སྐར་འདི་ས་གོ་ལ་དང་ཉེ་བར་བཅར་འདུག

2023-01-27 16:58:00     责编:桑吉卓玛

མཐོང་དཀོན་པའི་རྒྱུ་སྐར་འདི་ས་གོ་ལ་དང་ཉེ་བར་བཅར་འདུག

       སྤྱི་ལོ་2020ལོའི་ཤིན་ཀྲི་སྐར་མ་དུ་བ་མཇུག་རིང་དང་སྤྱི་ལོ་2021ལོའི་ལུན་ན་ཏེ་སྐར་མ་དུ་བ་མཇུག་རིང་གི་རྗེས་སུ། ཡང་རེ་སྒུག་བྱེད་རིན་ཆེ་བའི་སྐར་མ་དུ་བ་མཇུག་རིང་ཞིག་མི་རྣམས་ཀྱི་མཐོང་ལམ་དུ་སླེབས་ཡོད། གནམ་དཔྱད་ཚན་རིག་ཆེད་མཁས་པས་ངོ་སྤྲོད་བྱས་དོན། C/2022 E3སྐར་མ་དུ་བ་མཇུག་རིང་མིག་སྔར་ས་གོ་ལ་དང་ཉེ་བར་བཅར་ཡོད་པ་དང་། རང་རྒྱལ་གྱི་མང་ཚོགས་ཚོས་ལྟ་དཔྱད་ཆ་རྐྱེན་ཧ་ཅང་བཟང་བའི་ས་ཆ་ནས་མིག་ཟུང་བར་སྣང་ལ་ཕྱོགས་ཚེ་བར་སྣང་ཕྱི་ནས་ཡོང་བའི་མགྲོན་པོ་འདི་གཟིགས་ཐུབ་པའི་རེ་བ་ཡོད།
 

པར་རིས་འདི་སྤྱི་ལོ་2021ལོའི་ཟླ་12པའི་ཚེས་21ཉིན་ཡུན་ནན་ལི་ཅང་ནས་པར་བླངས་པའི་ལུན་ན་ཏེ་སྐར་མ་དུ་བ་མཇུག་རིང་ཡིན། 

 

       C/2022 E3སྐར་མ་དུ་བ་མཇུག་རིང་ནི་ཙི་ཝུའེ་ཅི་སྐད་ཅིག་མའི་རྣམ་པའི་ཞིབ་དཔྱད་སྒྲིག་ཆས་ཀྱིས་སྤྱི་ལོ་2022ལོའི་ཟླ་3པར་ཐེངས་དང་པོར་ལྟ་དཔྱད་ཐུབ་པ་ཞིག་ཡིན་པ་དང་། ཀྲུང་གོའི་གནམ་དཔྱད་རིག་གཞུང་ཚོགས་པའི་ཚོགས་མི་དང་ཐན་ཅིན་གྲོང་ཁྱེར་གནམ་དཔྱད་རིག་གཞུང་ལྷན་ཚོགས་ཀྱི་ལས་འཛིན་ཞིའུ་ལི་ཕེང་གིས་ངོ་སྤྲོད་བྱས་པར། སྐར་མ་དུ་བ་མཇུག་རིང་འདིའི་བོངས་ཚད་མི་ཆེ་ནའང་ས་གོ་ལ་དང་བར་ཐག་ཉེ་པོ་ཆགས་སྲིད། དཔྱད་གཞིའི་ཡིག་ཆ་ལས་མངོན་པར། སྤྱི་ལོ་2023ལོའི་ཟླ་1པོར། C/2022 E3སྐར་མ་དུ་བ་མཇུག་རིང་དེ་པོད་པན་སྐར་ཚོམ་བྱང་མ་ནས་ཕྱུགས་རྫིའི་སྐར་ཚོམ་དང་གནམ་འབྲུག་སྐར་ཚོམ། དོམ་ཆུང་སྐར་ཚོམ་བཅས་བརྒྱུད་ཤྭ་གཟིག་སྐར་ཚོམ་དུ་འཁོར་སྐྱོད་བྱས་ཤིང་། འཁོར་སྐྱོད་འགྲོས་ཚད་ཧ་ཅང་མགྱོགས། སྤྱི་ལོ་2022ལོའི་ཟླ་12དང་སྤྱི་ལོ་2023ལོའི་ཟླ་1པོ་ཚང་མར་གནམ་དཔྱད་པར་ལེན་མཁན་གྱིས་སྐར་མ་དུ་བ་མཇུག་རིང་པར་ལེན་བྱས་ཡོད། ཡོངས་བསྒྲགས་བྱས་པའི་འདྲ་པར་ལས་མཐོང་བར། སྐར་མ་དུ་བ་མཇུག་རིང་དེ་མར་གད་མདོག་ཏུ་མངོན་པ་དང་མཇུག་མ་གསལ་ཞིང་ཡངས་པ་ཞིག་ཡིན།

 

པར་རིས་འདི་པེ་ཅིང་གྲོང་ཁྱེར་གྱི་གནམ་དཔྱད་དགའ་མོས་ཅན་ཧྥེང་གོ་ཏུང་གིས་སྤྱི་ལོ་2023ལོའི་ཟླ་1པོའི་ཚེས་3ཉིན་གྱི་ཐོ་རེངས་སུ་ཡུན་ནན་སེམས་ཀྱི་ཉི་ཟླ་ནས་བླངས་པའི་ C/2022 E3སྐར་མ་དུ་བ་མཇུག་རིང་ཡིན།

 

       སྤྱི་ལོ་2023ལོའི་ཟླ་2པའི་ཚེས་2ཉིན་C/2022 E3སྐར་མ་དུ་བ་མཇུག་རིང་ས་གནས་ཀྱི་ཉེ་སར་སླེབས་རྒྱུ་ཡིན་པ་དང་། ས་གོ་ལ་དང་བར་ཐག་ཧ་ལམ་གནམ་དཔྱད་འཇལ་ཚད་0.28ཡིན།(གནམ་དཔྱད་འཇལ་ཚད་ནི་ཉི་མ་ནས་ས་གོ་ལའི་བར་གྱི་ཆ་སྙོམས་བར་ཐག་ལ་ཟེར་ཞིང་། ཧ་ལམ་སྟོང་སྨི་དུང་ཕྱུར་1.5ཙམ་ཡིན།)

       ཞིའུ་ལི་ཕེང་གིས། ས་གནས་ཀྱི་ཉེ་སར་སླེབས་སྐབས། སྔོན་དཔག་བྱས་པ་གཞིར་བཟུང་ན། C/2022 E3སྐར་མ་དུ་བ་མཇུག་རིང་གི་གསལ་ཚད་ཕལ་ཆེར་ཚད་རིམ་5པར་སླེབས་སྲིད་པ་དང་། ཡིན་ནའང་དྭངས་གསལ་གྱི་ཟླ་བས་ལྟ་དཔྱད་བྱེད་པར་ཤུགས་རྐྱེན་ཐེབས་སྲིད། རང་རྒྱལ་གྱི་དགའ་མོས་བྱེད་མཁན་མང་ཚོགས་ཀྱིས་ཟླ་1པོའི་རྗེས་ཀྱི་གཟའ་འཁོར་མཇུག་ཤོས་ནང་ལྟ་དཔྱད་བྱེད་ཆོག དེའི་རིང་སྐར་མ་དུ་བ་མཇུག་རིང་དེ་བྱང་གི་གནམ་མཐའི་ཉེ་འཁོར་དུ་སྤོ་འགུལ་བྱེད་སྲིད། རང་རྒྱལ་བྱང་ཕྱོགས་ས་ཁུལ་ལ་མཚོན་ན་སྐར་མ་དུ་བ་མཇུག་རིང་དེ་མཚན་གང་པོར་མི་ནུབ་ཅིང་མཚན་ཧྲིལ་པོར་ལྟ་དཔྱད་བྱེད་ཆོག ལྟ་དཔྱད་དུས་ཚོད་ལེགས་ཤོས་ནི་ནམ་ཕྱེད་ཕྱི་མ་ནས་གནམ་མ་ལངས་གོང་བར་ཡིན། གནམ་དཔྱད་ཉི་གཞོན་འགོ་བརྩམ་སྐབས་སྐར་མ་དུ་བ་མཇུག་རིང་དེ་སྐར་མ་ཨ་བརྟན་གྱི་གོང་ཕྱོགས་སུ་ཡོད་པ་དང་གནམ་སའི་འབྲེལ་མཚམས་ཀྱི་མཐོ་ཚད་ཆེས་མཐོ་ཞིང་། ལྟ་དཔྱད་ཆ་རྐྱེན་ཆེས་ལེགས་པོ་ཡོད། ལྟ་དཔྱད་ཀྱི་གདམ་ག་ལེགས་ཤོས་ནི་འོད་ཀྱི་གནོད་པ་མེད་པའི་ས་གནས་ཡིན་ཏེ། དཔེར་ན་གྲོང་མཐའ་དང་རི་མཐོན་པོ་ལྟ་བུ། ལྟ་དཔྱད་དང་པར་ལེན་པའི་གོང་གནམ་དཔྱད་ཀུན་གསལ་APPདང་བྱ་རིམ་ཆུང་ངུའམ་འོད་ཀྱི་སྦགས་བཙོག་ས་ཁྲའི་སྟེང་ནས་འཚོལ་བཤེར་བྱེད་ཆོག མིག་གིས་ཐད་ཀར་ཡག་པོ་མཐོང་དཀའ་བས་ངེས་པར་དུ་མདོང་གཉིས་རྒྱང་ཤེལ་ལམ་གནམ་དཔྱད་རྒྱང་ཤེལ་ཆུང་གྲས་བེད་སྤྱོད་བྱས་ན་དེ་བས་གསལ་པོ་མཐོང་ཐབ་ཅེས་བཤད་འདུག

       སྐར་མ་དུ་བ་མཇུག་རིང་ནི་ཉི་མའི་ཁྱིམ་རྒྱུད་ཀྱི་སྐར་མའི་གོ་ལ་ཆུང་ཆུང་ཞིག་ཡིན་ཞིང་། གྲུབ་ཆ་གཙོ་བོ་ནི་འཁྱགས་ཆུ་ཡིན། སྐར་མ་དུ་བ་མཇུག་རིང་མང་ཆེ་བ་ཅུང་ནག་ཅིང་ཞན་པ་དང་། མིག་གིས་མཐོང་ཐུབ་པའི་དྭངས་གསལ་གྱི་འོད་མངོན་པ་ཅུང་དཀོན་པོ་ཡིན། དཔེར་ན་2020ལོའི་ཤིན་ཀྲི་སྐར་མ་དུ་བ་མཇུག་རིང་ལྟ་བུ།

 

པར་རིས་ནི་པེ་ཅིང་གྲོང་ཁྱེར་གནམ་དཔྱད་དགའ་མོས་མཁན་སུང་སི་ཡིས་སྤྱི་ལོ་2020ལོའི་ཟླ་7པའི་ཚེས་19ཉིན་པེ་ཅིང་ཧོའེ་རོའུ་ནས་པར་བླངས་པའི་ཤིན་ཀྲི་སྐར་མ་དུ་བ་མཇུག་རིང་ཡིན།
 

       ཞིའུ་ལི་ཕེང་གིས། ལྟ་རིན་ཆེ་བའི་སྐར་མ་དུ་བ་མཇུག་རིང་ནི་ཧ་ཅང་མཐོང་དཀོན་པ་ཞིག་ཡིན། རྒྱུ་མཚན་ནི་གཏན་འཁེལ་བྱེད་མི་ཐུབ་པའི་གཞི་རྐྱེན་མང་པོ་ཞིག་གནས་ཡོད། དཔེར་ན་སྔོན་ཆད་འཛམ་གླིང་ཀུན་གྱི་མིག་དབང་རབ་ཏུ་བཀུག་པའི་དུས་རབས་ཀྱི་སྐར་མ་དུ་བ་མཇུག་རིང་ISONདང་C/2019 Y4སྐར་མ་དུ་བ་མཇུག་རིང་ཚང་མ་ནི་ཤིན་ཏུ་གསལ་བའི་ཚད་ལ་མ་སླེབས་གོང་ཐོར་ཞིག་ཏུ་འགྲོ་བས་མི་རྣམས་བློ་ཕམ་ཆེན་པོ་སྐྱེས་ཡོད་ཅེས་བཤད་འདུག

 

པར་རིས་འདི་པེ་ཅིང་གྲོང་ཁྱེར་གནམ་དཔྱད་དགའ་མོས་མཁན་ལུའུ་ཧྲུའུ་ཕའེ་ཡིས་སྤྱི་ལོ་2020ལོའི་ཟླ་7པའི་ཚེས་14ཉིན་ནང་སོག་ཀྲེང་ཞང་པའེ་ཆི་ཡི་མིང་ཨན་ཐུའུ་ནས་པར་བླངས་པའི་ཤིན་ཀྲི་སྐར་མ་དུ་བ་མཇུག་རིང་ཡིན།
 

       ཞིའུ་ལི་ཕེང་གིས། C/2022 E3སྐར་མ་དུ་བ་མཇུག་རིང་ནི་དུས་འཁོར་རིང་བའི་སྐར་མ་དུ་བ་མཇུག་རིང་ཞིག་ཡིན་པས། དེས་ང་ཚོས་མི་ཚེ་གཅིག་ལ་སའི་གོ་ལའི་སྟེང་ནས་ཁོང་གི་རྣམ་པ་ཡང་བསྐྱར་མཐོང་མི་ཐུབ་པ་གཏན་འཁེལ་བྱས་ཡོད། དེ་ཉིད་མིག་གིས་ཐད་ཀར་མཐོང་ཐུབ་མིན་དང་། དེ་ཉིད་མཁའ་དབྱིངས་ཀྱི་སྐར་མ་ཆེས་གསལ་ཤོས་དེར་འགྱུར་ཐུབ་མིན་གང་ཡིན་རུང་། གང་ལྟར་དངོས་སུ་ལྟ་དཔྱད་བྱེད་པར་འགྲོ་བའམ་ཡང་ན་ཚེ་གཅིག་ལ་ཐེངས་གཅིག་ལས་མཐོང་མི་ཐུབ་པའི་སྐར་མ་དུ་བ་མཇུག་རིང་དེ་ཟིན་ཐོར་འགོད་རྒྱུ་ནི་བརྗེད་དཀའ་བའི་བརྒྱུད་རིམ་ཞིག་ཡིན་སྲིད་ཅེས་བཤད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག མིག་དམར་རྒྱ་མཚོ། 

ཡིག་སྒྱུར། ཀླུ་འབུམ།

 

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

མཐོང་དཀོན་པའི་རྒྱུ་སྐར་འདི་ས་གོ་ལ་དང་ཉེ་བར་བཅར་འདུག

སྤྱི་ལོ་2020ལོའི་ཤིན་ཀྲི་སྐར་མ་དུ་བ་མཇུག་རིང་དང་སྤྱི་ལོ་2021ལོའི་ལུན་ན་ཏེ་སྐར་མ་དུ་བ་མཇུག་རིང་གི་རྗེས་སུ། ཡང་རེ་སྒུག་བྱེད་རིན་ཆེ་བའི་སྐར་མ་དུ་བ་མཇུག་རིང་ཞིག་མི་རྣམས་ཀྱི་མཐོང་ལམ་དུ་སླེབས་ཡོད།