ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

རང་རྒྱལ་གྱི་གཙོ་གནད་དཔྱད་རྩོམ་གྲངས་འཛམ་གླིང་གི་ཨང་དང་པོ་ཟིན་པ།

2022-12-31 18:12:00     责编:卓玛才让

     ཀྲུང་གོ་ཚན་རིག་ལག་རྩལ་ཆ་འཕྲིན་ཞིབ་འཇུག་སོའོ་ཡིས་སྤྱི་ཚེས་29ཉིན་པེ་ཅིང་དུ་སྤྱི་ལོ་2022ལོའི་༼ཀྲུང་གོའི་ཚན་རྩལ་དཔྱད་རྩོམ་གྱི་བསྡོམས་རྩིས་སྙན་ཞུ༽ཡོངས་བསྒྲགས་བྱས་པའི་ནང་། རང་རྒྱལ་གྱི་གཙོ་གནད་དཔྱད་རྩོམ་གྱིས་རྒྱལ་སྤྱིའི་ཐོག་བཟུང་བའི་བསྡུར་གྲངས་རྒྱུན་མཐུད་འཕར་སྣོན་བྱུང་ནས་གྲངས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། དཔྱད་རྩོམ་ལུང་དུ་དྲངས་ཚད་མུ་མཐུད་འཛམ་གླིང་གི་ཨང་གཉིས་པར་སླེབས་ཤིང་། འཛམ་གླིང་དཔྱད་རྩོམ་ནང་བཟུང་བའི་བསྡུར་གྲངས་བརྒྱ་ཆའི་གནས་གསུམ་མཐོ་རུ་སོང་ཡོད། རང་རྒྱལ་གྱིས་རྒྱལ་སྤྱིའི་ཕུལ་བྱུང་དུས་དེབ་ཐོག་སྤེལ་བའི་དཔྱད་རྩོམ་གྱི་གྲངས་འབོར་མུ་མཐུད་འཛམ་གླིང་གི་ཨང་གཉིས་པར་སླེབས་པ་དང་། ཆུ་ཚད་མཐོ་བའི་རྒྱལ་སྤྱིའི་དུས་དེབ་ཐོག་སྤེལ་བའི་དཔྱད་རྩོམ་གྱི་གྲངས་འབོར་མུ་མཐུད་འཛམ་གླིང་གི་ཨང་དང་པོར་སླེབས་པ་བསྟན་ཡོད།

     སྤྱི་ལོ་2021ལོར་ལུང་དུ་དྲངས་པའི་ཐེངས་གྲངས་ཆིག་འབུམ་ལས་བརྒལ་བས་མ་ཚད་ཤུགས་རྐྱེན་ཐེབས་ཚད་སུམ་ཅུ་ལས་བརྒལ་བའི་རྒྱལ་སྤྱིའི་རྩེར་སོན་དུས་དེབ་ཐོག་ཁག་བཅོ་བརྒྱད་ཐོག་སྤྱི་ལོ་2021ལོར་ཁྱོན་དཔྱད་རྩོམ་ཁ་གྲངས་སུམ་ཁྲི་ཉིས་སྟོང་ཆིག་བརྒྱ་སྤེལ་བའི་ནང་། ཀྲུང་གོས་རིགས་གཞུང་དཔྱད་རྩོམ་དང་དཔྱད་བརྗོད་རྩོམ་ཡིག་ཁྱོན་2045སྤེལ་བ་དེ་འཛམ་གླིང་གི་ཨང་གཉིས་པར་སླེབས་པ་དང་། གྲངས་འབོར་དེ་སྤྱི་ལོ་2020ལོ་དང་གཅིག་མཚུངས་ཡིན་པ་རེད།   རིག་ཚན་ཁག་གི་ཤུགས་རྐྱེན་ཐེབས་ཚད་དང་ལུང་དུ་དྲངས་ཚད་གཉིས་ཀ་རིག་ཚན་དེའི་མདུན་གྱི་10%ནང་ཚུད་པ་དང་། ལོ་ལྟར་རིགས་གཞུང་དཔྱད་རྩོམ་དང་དཔྱད་བརྗོད་རྩོམ་ཡིག་ལྔ་བཅུ་ལས་བརྒལ་བ་སྤེལ་བའི་དུས་དེབ་དེ་འཛམ་གླིང་ཐོག་གི་རིག་ཚན་ཁག་གི་འཐུས་ཚབ་རང་བཞིན་གྱི་ཚན་རྩལ་དུས་དེབ་ལ་འདེམས་ཀྱི་ཡོད། དེ་ལྟར་དུས་དེབ་དེ་དག་གི་ཐོག་ཏུ་སྤེལ་བའི་དཔྱད་རྩོམ་ཡང་ཆུ་ཚད་མཐོ་བའི་རྒྱལ་སྤྱིའི་དུས་དེབ་དཔྱད་རྩོམ་དུ་འདོད་ཀྱི་ཡོད། སྤྱི་ལོ་2021ལོར་ཁྱོན་རྒྱལ་སྤྱིའི་ཚན་རྩལ་དུས་དེབ་371འཛམ་གླིང་ཐོག་གི་རིག་ཚན་ཁག་གི་འཐུས་ཚབ་རང་བཞིན་གྱི་ཚན་རྩལ་དུས་དེབ་གྲས་སུ་ཚུད་ཡོད་པ་དང་། ཆུ་ཚད་མཐོ་བའི་རྒྱལ་སྤྱིའི་དུས་དེབ་དཔྱད་རྩོམ་ཀྱི་ཁ་གྲངས་དེ་ཉིས་འབུམ་ཉིས་ཁྲི་བརྒྱད་སྟོང་བདུན་བརྒྱ་ཟིན་ཡོད། བསྡོམས་རྩིས་དབྱེ་ཞིབ་མཇུག་འབྲས་ལས་མངོན་པར། ཀྲུང་གོས་སྤེལ་བའི་ཆུ་ཚད་མཐོ་བའི་རྒྱལ་སྤྱིའི་དུས་དེབ་དཔྱད་རྩོམ་གྱི་ཁ་གྲངས་དེ་ཁྲི་བརྒྱད་དང་ལྔ་བརྒྱ་ཟིན་ནས་འཛམ་གླིང་ཁྲོད་བཟུང་བའི་བསྡུར་གྲངས་35.2%ཟིན་ཏེ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་རེད།

     རྒྱལ་སྤྱིའི་དཔྱད་རྩོམ་ལུང་དུ་དྲངས་ཚད་ཀྱི་བསྡོམས་རྩིས་ལྟར་ན།  རིག་ཚན་22ཁྲོད་ཀྲུང་གོ་ཉིད་ཞིང་ལས་ཚན་རིག་དང་། རྒྱུ་ཆའི་ཚན་རིག རྫས་འགྱུར། རྩིས་འཕྲུལ་ཚན་རིག བཟོ་སྐྲུན་ལག་རྩལ་བཅས་ཁྱབ་ཁོངས་ལྔའི་ཁྲོད་འཛམ་གླིང་གི་ཨང་དང་པོར་སླེབས་ནས་ལོ་འཁོར་གོང་མ་དང་བསྡུར་ན་ཞིང་ལས་ཚན་རིག་ཁྱབ་ཁོངས་མང་དུ་སོང་ཡོད། སྐྱེ་དངོས་དང་སྐྱེ་དངོས་རྫས་འགྱུར་རིག་པ། ཁོར་ཡུག་དང་འབྱུང་ཁམས་རིག་པ།  ས་ཁམས་རིག་པ། རྩིས་རིག སྐྱེ་དངོས་ཕྲ་ཕུང་རིག་པ།  ཆ་རྡུལ་སྐྱེ་དངོས་རིག་པ་དང་རྒྱུད་འདེད་རིག་པ། ཕྱོགས་བསྡུས་རིག་ཚན། གསོ་རིག་དང་དུག་རྫས་རིག་པ། དངོས་ཁམས་རིག་པ། རྩི་ཤིང་རིག་པ་དང་སྲོག་ཆགས་རིག་པ་སོགས་ཁྱབ་ཁོངས་བཅུའི་དཔྱད་རྩོམ་ལུང་དུ་དྲངས་ཚད་འཛམ་གླིང་གི་ཨང་གཉིས་པར་སླེབས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག བསྟན་འཛིན།

ཡིག་སྒྱུར། བྱམས་པ་ཚེ་རིང།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

རང་རྒྱལ་གྱི་གཙོ་གནད་དཔྱད་རྩོམ་གྲངས་འཛམ་གླིང་གི་ཨང་དང་པོ་ཟིན་པ།

ཀྲུང་གོ་ཚན་རིག་ལག་རྩལ་ཆ་འཕྲིན་ཞིབ་འཇུག་སོའོ་ཡིས་སྤྱི་ཚེས་29ཉིན་པེ་ཅིང་དུ་སྤྱི་ལོ་2022ལོའི་༼ཀྲུང་གོའི་ཚན་རྩལ་དཔྱད་རྩོམ་གྱི་བསྡོམས་རྩིས་སྙན་ཞུ༽ཡོངས་བསྒྲགས་བྱས་པའི་ནང་།