ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འགོ་བརྗོད་གསར་འགྱུར།

ཞི་ཅིན་ཕིང་ནས་རྒྱལ་སྲུང་དང་དམག་དཔུང་འཛུཊ་སྐྱོང་ཐད་འདི་ལྟར་གསུངས།

2021-03-10 08:58:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཚེས་9ཉིན་གྱི་ཕྱི་དྲོ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་བཞི་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་འགོ་འཛུགས་པའི་ལོ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་བསྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་འགོ་འཛུགས་ལོ་བཅས་ཡིན་ལ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བ་བྱེད་པའི་གོམ་སྟབས་གསར་པ་གསུམ་གྱི་འགོ་འཛུགས་ལོ་ཡང་ཡིན། དམག་ཡོངས་ནས་ཆབ་སྲིད་ཀྱི་འགན་སེམས་ཆེ་རུ་གཏོང་བ་དང་། དངོས་སྒྲུབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་དང་། ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་འགོ་ཡག་པོ་ཞིག་འཛུགས་རྒྱུར་འགན་སྲུང་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་བསུ་བ་ཞུ་དགོས་ཞེས་ནན་སྟོན་གནང་འདུག

ཚོགས་འདུའི་ཐོག ཧྥང་ཞང་དང་། ཤིན་དབྱིས། ཆི་ཧུའུ་ཀོང་། ཤའོ་ཏུང་སུང་། ཝང་ཧུའེ་ཆིང་། ཝང་ཆི་ཧྥན་སོགས་འཐུས་མི་6གིས་ཁག་སོ་སོར་གཏམ་བཤད་གནང་ནས། རྒྱལ་སྲུང་ཚན་རྩལ་གསར་གཏོད་མགྱོགས་སུ་གཏོང་རྒྱུ་དང་། ཁོངས་གསར་རྣམ་གསར་གྱི་དམག་འཐབ་སྟོབས་ཤུགས་གོང་འཕེལ་གཏོང་རྒྱུ། ཅུན་ཧྲིའི་ལམ་ལུགས་གསར་གཏོད་བྱ་རྒྱུ། ཤེས་ལྡན་མི་སྣའི་ལས་དོན་གསར་གཏོད་བྱ་རྒྱུ། རང་དམག་འཛུགས་སྐྱོང་གི་ལོ་འཁོར་འཆར་གཞི་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ། རང་དམག་གི་རྒྱུ་ནོར་དོ་དམ་ཕན་འབྲས་ཆེ་རུ་གཏོང་རྒྱུ་སོགས་ཀྱི་གནད་དོན་ཐད་བསམ་འཆར་དང་གྲོས་འགོ་བཏོན་ཡོད་པ་རེད།

འཐུས་མི་རྣམས་ཀྱི་གཏམ་བཤད་ནན་ཏན་གྱིས་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་དང་ཐོག་འདས་པའི་ལོ་གཅིག་ནང་གི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་ནད་ཡམས་གློ་བུར་དུ་ཐོན་པ་དང་། རྒྱལ་ཁབ་ཕྱི་ནང་གི་དུས་བབ་རྙོག་འཛིང་ཆེ་བའི་གནས་ཚུལ་འོག དམག་ཡོངས་ཀྱི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་གྱིས། ནད་ཡམས་ལ་འགོག་རྒོལ་ཤུགས་ཆེན་བྱས་པ་དང་། དམག་སྦྱོང་དམག་གྲབས་ལ་ཤུགས་སྣོན་བརྒྱབ་པ། སྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་བ། འཆར་འགོད་དོན་འཁྱོལ་ཐད་དམ་འཛིན་ནན་པོ་བྱས་པ་བཅས་ཀྱི་རྐྱེན་ལས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་སྤྱི་ལོ་2020ལོའི་དམིགས་འབེན་ལས་འགན་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་བ་དང་། ཏང་དང་མི་དམངས་ཀྱིས་སྤྲད་པའི་ལས་འགན་ཁག་གཟེངས་སུ་ཐོན་པའི་ཐོག་ནས་ལེགས་འགྲུབ་བྱུང་ཡོད་ཅེས་བསྟན་ཡོད།

ཞི་ཅིན་ཕིང་གིས་འཆར་འགོད་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་གི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་འགོ་འཛུགས་པའི་ལས་དོན་ཡག་པོ་སྤེལ་རྒྱུའི་ཐད་བླང་བྱ་བཏོན་གནང་ཡོད། ཁོང་གིས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཆོད་སེམས་དང་དགོངས་པར་གོ་བ་གཏིང་ཟབ་ལེན་པ་དང་། དམག་དཔུང་བཙུགས་ནས་ལོ་ངོ་100འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱ་རྒྱུར་གཅིག་བསྡུས་བྱས་ཐོག རང་དམག་འཛུགས་སྐྱོང་གི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་བཀོད་སྒྲིག་ཇུས་འགོད་དང་སྐུལ་འདེད་ལས་དོན་ལ་དམ་པོར་གཞིགས་དགོས། དམག་འཐབ་ཀྱིས་འཛུགས་སྐྱོང་ལ་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དམག་འཐབ་དང་འཛུགས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག འཐབ་ཇུས་རང་བཞིན་དང་ཁྲིད་སྟོན་རང་བཞིན། རྨང་གཞིའི་རང་བཞིན་བཅས་ཀྱི་ལས་གཞི་གལ་ཆེན་ལ་སྐུལ་འདེད་གཏོང་རྒྱུར་དམ་འཛིན་བྱེད་པ་དང་། ཆུ་ཚད་མཐོ་བའི་འཐབ་ཇུས་ཟིལ་ཤུགས་དང་མཉམ་འབྲེལ་དམག་འཐབ་ཀྱི་མ་ལག་བསྐྲུན་རྒྱུ་མགྱོགས་སུ་གཏོང་དགོས། འགན་འཁྲིའི་བསམ་པ་དང་ཁ་ཚ་དགོས་གཏུག་གི་བསམ་པ། རང་འགུལ་རང་བཞིན་བཅས་ཆེ་རུ་གཏོང་བ་དང་། རང་དམག་འཛུགས་སྐྱོང་གི་ལོ་འཁོར་འཆར་གཞི་བཀོད་སྒྲིག་བྱེད་པའི་ལས་དོན་ཁག་སྔ་སྣུར་དུ་སྒྲུབ་པ་དང་དོན་དམ་དུ་གཉེར་རྒྱུའི་ཐད་དམ་འཛིན་བྱས་ཏེ། གང་མགྱོགས་ལག་བསྟར་དོན་འཁྱོལ་ཐུབ་ནས་ཕན་འབྲས་ཐོན་རྒྱུར་འགན་སྲུང་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། གསར་གཏོད་སྒུལ་ནུས་ཤུགས་ཆེར་གཏོང་བ་དང་། ཤུགས་ཚད་དེ་བས་ཆེ་བ་དང་བྱེད་ཐབས་དེ་བས་ནུས་ལྡན་གྱི་ཐོག་ནས་ཚན་རྩལ་རང་ཚུགས་རང་འཕེལ་གྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། ཚན་རྩལ་གྱིས་རང་དམག་འཛུགས་སྐྱོང་ཐད་ཐོན་པའི་འཐབ་ཇུས་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ལ་དམ་པོར་གཞིགས་ཐོག རྒྱལ་སྲུང་ཚན་རྩལ་གསར་གཏོད་ཀྱི་བཀོད་པ་དང་ཁོར་ཡུག་ཆ་རྐྱེན་ལེགས་སུ་གཏོང་བ་དང་། ཕྱོགས་ཁག་གི་བཟང་ཆའི་སྟོབས་ཤུགས་དང་ཐོན་ཁུངས་བེད་སྤྱོད་གང་མང་བྱས་ཏེ། རྒྱལ་སྲུང་ཚན་རྩལ་གྱི་གསར་གཏོད་ནུས་པ་དང་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས། སྔོན་གཏན་འཁེལ་བའི་བཀོད་སྒྲིག་ལ་གཞིགས་ནས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྒྱུར་བཅོས་ཀྱི་ཕན་ནུས་རྒྱུན་ཆད་མེད་པར་ཐོན་པ་བྱེད་དགོས། གསར་གཏོད་ཀྱི་གཞི་རྩ་ནི་ཤེས་ལྡན་པར་ཐུག་ཡོད་པས། འཐབ་ཇུས་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། རིག་ལམ་དང་འདུ་ཤེས་གསར་གཏོད་བྱེད་པ། དངོས་སྒྲུབ་ཀྱི་བྱེད་ཐབས་འདོན་པ་བཅས་བྱས་ཏེ། རང་དམག་གི་ཤེས་ལྡན་མི་སྣའི་ལས་དོན་ལ་སྐུལ་མ་ཆེན་པོ་ཐེབས་པ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

ཞི་ཅིན་ཕིང་གིས། འཐབ་ཇུས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། རྣམ་གྲངས་ལ་རིགས་པས་ཁུངས་སྐྱེལ་བྱེད་ཐབས་དང་ལས་འཛུགས་ཞིབ་མཆན་འགོད་པའི་བརྒྱུད་རིམ་ལེགས་སུ་གཏོང་བ། རྣམ་གྲངས་ཆེན་མོའི་གཅིག་གྱུར་འཆར་འགོད་དང་སྙོམ་སྒྲིག་ལ་ཤུགས་སྣོན་རྒྱག་དགོས། འཆར་འགོད་འཆར་གཞིའི་དབང་གྲགས་རང་བཞིན་དང་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགན་འཁྲིའི་མ་ལག་དང་། དུས་ཚོད་འབྲེལ་ཚིགས། སྤུས་ཚད་ཀྱི་ཚད་གཞི་བཅས་ནན་དུ་བཏང་ཐོག དཔྱད་དཔོག་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཆར་བཀོད་དང་ལས་འགན་ནུས་ཕྱོད་མཐོ་པོའི་སྒོ་ནས་དོན་འཁྱོལ་བྱེད་པར་ལྟ་སྐུལ་བྱེད་དགོས། རང་དམག་གི་དེང་རབས་རྒྱུ་ནོར་དོ་དམ་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཀྱིས། རྒྱུ་ནོར་བེད་སྤྱོད་གང་ལེགས་བྱེད་པ་དང་། བེད་སྤྱོད་དོ་དམ་གྱི་ཕན་འབྲས་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་བ་རེད།

ཞི་ཅིན་ཕིང་གིས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་བཅས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཕྲག་ཏུ་འཁུར་བའི་རྒྱལ་སྲུང་འཛུགས་སྐྱོང་ཁྱབ་ཁོངས་ཀྱི་འགན་འཁྲི་ལེགས་པོ་བསྒྲུབ་དགོས། དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་བའི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་གཏོང་དགོས་པ་དང་། དམག་སྲིད་དམག་དམངས་ཀྱི་མཐུན་སྒྲིལ་སྲ་བརྟན་དང་གོང་འཕེལ་བཏང་ཐོག རྒྱལ་ཁབ་སྟོབས་ཆེར་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ནུས་ཤུགས་ཆེན་པོ་གཅིག་བསྡུས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

མཇུག་ཏུ་ཞི་ཅིན་ཕིང་གིས། མིག་སྔར་རང་རྒྱལ་གྱི་བདེ་འཇགས་གནས་བབ་ལ་བརྟན་པོ་མེད་པའི་རང་བཞིན་དང་ངེས་མེད་རང་བཞིན་ཅུང་ཆེ་བས། དམག་ཡོངས་ཀྱིས་འཛུགས་སྐྱོང་དང་དམག་གྲབས་ཀྱི་འབྲེལ་བ་གཅིག་འགྱུར་འཆར་འགོད་ཡག་པོ་བྱེད་དགོས་པ་དང་། འཕྲལ་མར་རིགས་ཁག་གི་རྙོག་འཛིང་ཆེ་ལ་དཀའ་ངལ་ཆེ་བའི་གནས་བབ་ལ་དུས་ཐོག་ཏུ་ཁ་གཏད་གཅོག་པའི་གྲ་སྒྲིག་ཡག་པོ་བྱེད་དགོས་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྲ་ཞིང་བརྟན་པའི་འདེགས་སྐྱོར་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེའང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཝེ་ཧྥེང་ཧོ་དང་ལི་ཙུའོ་ཁྲེང་། མིའོ་ཧྭ། ཀྲང་ཧྲེང་རྨིན་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག མིག་དམར་རྒྱལ་པོ།
ཡིག་སྒྱུར། ཟླ་བ་ཚེ་རིང་། སྐལ་བཟང་བདེ་སྐྱིད། ཟླ་བ་གཡུ་སྒྲོན།

中央广播电视总台 央广网 版权所有

ཞི་ཅིན་ཕིང་ནས་རྒྱལ་སྲུང་དང་དམག་དཔུང་འཛུཊ་སྐྱོང་ཐད་འདི་ལྟར་གསུངས།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཚེས་9ཉིན་གྱི་ཕྱི་དྲོ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་བཞི་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས།