ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཨ་རིའི་ཚགས་པར་འདིས་གཞི་ནས་སྐད་ཆ་དྲང་པོ་ཞིག་བཤད་འདུག

2021-02-09 15:23:00     责编:卓玛才让

     ཨ་རིའི་ཉིའུ་ཡོག་སྐབས་དོན་ཚགས་པར་ཐོག་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་5ཉིན་ཁ་བྱང་དུ་ཀྲུང་གོ་དང་ཨུ་རུ་སུའི་རིམས་འགོག་སྨན་ལ་ཡིད་རྟོན་བྱེད་རན་ཡོད་ཅེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་དང་། རྩོམ་ཡིག་ནང་ཀྲུང་གོ་དང་ཨུ་རུ་སུའི་རིམས་འགོག་སྨན་ནི་ཚན་རིག་གི་ཚོད་ལྟ་བརྒྱུད་ནས་ཕན་ནུས་ལྡན་པ་ར་སྤྲོད་བྱས་ཟིན་ཡོད་པ་མ་ཟད། ལས་རིགས་གཅིག་པའི་ཁྱབ་ཁོངས་སུ་ཁས་ལེན་བྱས་ཡོད་ཅེས་དང་། མིག་སྔའི་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་གྱི་བགོ་བཤའ་དོ་སྙོམས་མེད་ཅིང་ཡོ་རོབ་གླིང་གི་རིམས་འགོག་སྨན་དཀོན་པའི་གནས་བབ་འོག་ཏུ། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་ཨུ་རུ་སུས་ཞིབ་བཟོ་བྱས་པའི་ཏོག་གསར་འགོག་ཁབ་ལ་ཡིད་ཆེས་བྱས་ནས། རྒྱལ་ཁབ་ཁག་གི་རིམས་འགོག་སྨན་གྱི་མི་འདང་བའི་གནད་དོན་ཁ་གསབ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།

     རྩོམ་ཡིག་ནང་། དུས་ཡུན་ངེས་ཅན་ཞིག་ནང་དཔང་རྟགས་མང་པོའི་ཐོག་ནས་ཀྲུང་གོ་དང་ཨུ་རུ་སུས་ཞིབ་བཟོ་བྱས་པའི་རིམས་འགོག་སྨན་ནི་བདེ་འཇགས་ནུས་ལྡན་ཡིན་པ་གསལ་པོར་བསྟན་ཡོད་ཅེས་བརྗོད་ཡོད། གསོ་རིག་དུས་དེབ་ལྕང་ལོའི་རལ་གྲི་(柳叶刀)ཞེས་པའི་ཐོག་གཟའ་འཁོར་འདིའི་ནང་མཇུག་མཐའི་ཚོད་ལྟ་ཡི་དུས་རིམ་བར་མའི་མཇུག་འབྲས་འགྲེམ་སྤེལ་བྱས་ཏེ། ཨུ་རུ་སུའི་ཏོག་གསར་འགོག་ཁབ་འཁོར་སྐར་V(卫星V)རྒྱབ་སྐྱོར་བྱས་ཡོད། ཐུར་ཁེར་ཚོད་ལྟ་བྱས་རྗེས་ཀྲུང་གོའི་ཁོ་ཤིན་གྱིས་ཞིབ་བཟོ་བྱས་པའི་ཏོག་གསར་འཁོག་ཁབ་ལ་གཞུང་ཕྱོགས་ཀྱིས་ཁས་ལེན་གནང་ཡོད་པ་དང་། དེ་མིན་དཔང་རྟགས་མང་པོ་ལས་རིགས་གཅིག་པའི་དཔྱད་ཞིབ་བརྒྱུད་པ་དང་། ཡང་ན་རྒྱལ་ཁབ་གཉིས་སུ་རིམས་འགོག་སྨན་དེ་དག་ལ་གཅིག་པུར་ཚོད་ལྟ་བྱས་རྗེས། ད་དུང་ལྕང་ལོའི་རལ་གྲི་ཞེས་པ་དང་ཨ་རིའི་གསོ་རིག་ཚོགས་པའི་དུས་དེབ་ཅེས་པ་སོགས་ཚན་རིག་དུས་དེབ་ཐོག་སྤེལ་ཡོད།

སྤྱི་ཟླ་1ཚེས་16ཉིན། སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆེ་(མདུན་གྲལ་གྱི་དཀྱིལ)སོགས་ཀྱིས་གནམ་ཐང་དུ་ཀྲུང་གོའི་རིམས་འགོག་སྨན་ཁབ་ཁག་དང་པོ་སྣེ་ལེན་ཞུ་བཞིན་པ།

     དེར་གཞིགས་ནས་རྒྱལ་ཁབ་ཁ་ཤས་ཀྱིས་རིམས་འགོག་སྨན་དེ་དག་ལ་ཞིབ་བཤེར་བྱས་པ་མ་ཟད་ཐབས་མཁས་ཀྱི་ཐག་གཅོད་བྱས་ཡོད། གནས་ཚུལ་སྤེལ་བ་ལྟར་ན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་། པ་རེན། ཨེ་ཅེབ། ཅོར་ཏན། དབྱི་རག སེར་ཝེ་ཡ། མོ་རོ་ཁོ། ཧང་ག་རི། ཕ་ཀི་སི་ཐན་སོགས་ཀྱིས་ཀྲུང་གོའི་རྒྱལ་སྨན་རིམས་འགོག་སྨན་ལ་ཆོག་མཆན་སྤྲད་ཡོད་པ་རེད། སྤྱི་ལོ་2021ལོའི་ཟླ་1ཟླ་དཀྱིལ་དུ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དུ་མི་ཁྲི་180ཙམ་ལ་ཀྲུང་གོའི་རིམས་འགོག་སྨན་ཁབ་བརྒྱབ་ཡོད་པ་རེད། པོ་ལི་ཝེ་ཡ་དང་། ཧིན་རྡུ་ཉི་ཞི་ཡ། ཐུར་ཁེ། པ་ཙེར། ཆི་ལི་སོགས་ཀྱིས་ཀྲུང་གོའི་ཁོ་ཤིན་གྱིས་ཞིབ་བཟོ་བྱས་པའི་རིམས་འགོག་སྨན་རིགས་གཞན་ཞིག་ལ་ཆོག་མཆན་སྤྲད་པ་མ་ཟད་འདོན་འགོ་ཚུགས་ཡོད། ཨུ་རུ་སུའི་རིམས་འགོག་སྨན་འཁོར་སྐར་Vཞེས་པ་ཡང་ཡོ་རོབ་གླིང་དང་དབུས་ཤར་ས་ཁུལ། ཨ་ཧྥེ་རི་ཁ་གླིང་དང་ལ་ཏིང་མེ་གླིང་གི་རྒྱལ་ཁབ་དང་ས་ཁུལ་བཅུ་ལྷག་ཙམ་དུ་རྒྱག་འགོ་ཚུགས་ཡོད་པ་རེད།

     དེ་མིན། ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་ཏུ་རིམས་འགོག་སྨན་མི་འདང་བ་དང་ཚོང་ཟོག་རྩིས་སྤྲོད་འགོར་འགྱངས་སོགས་ཀྱི་གནས་ཚུལ་འཕྲད་ཡོད་པས། ཧྥ་རན་སི་དང་། སི་ཕན། འཇར་མན་སོགས་ཀྱིས་ད་ལྟ་ཀྲུང་གོ་དང་ཨུ་རུ་སུའི་རིམས་འགོག་སྨན་ཉོ་སྒྲུབ་བྱེད་སྲིད་པའི་སྐོར་ལ་གྲོས་མོལ་བྱེད་བཞིན་ཡོད་པ་དང་། དཀའ་ངལ་གྱི་མདུན་དུ་ཁོང་ཚོས་ནུབ་ཕྱོགས་ནས་བཟོས་པ་མ་ཡིན་པའི་རིམས་འགོག་སྨན་ལ་ཕྱོགས་རེས་ཀྱི་ལྟ་བ་བཟུང་མི་རུང་བའི་འབོད་སྐུལ་བྱེད་བཞིན་ཡོད་པ་རེད།

ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཛོ་ཁེས་ཀྲུང་གོའི་ཏོག་གསར་འགོག་ཁབ་རྒྱག་བཞིན་པ།

     དུས་མཚུངས་སུ། གནས་ཚུལ་སྤེལ་བ་ལྟར་ན། ཀྲུང་ཨུའི་རིམས་འགོག་སྨན་ཁབ་བཟོ་སྐྲུན་ཁེ་ལས་གསུམ་གྱིས་ད་ལོ་རྒྱལ་ཁབ་དང་ས་ཁུལ་མང་པོར་རིམས་འགོག་སྨན་འདོན་སྤྲོད་བྱ་རྒྱུ་ཡིན་པ་རེད། རིམས་འགོག་སྨན་ཁབ་བཟོ་སྐྲུན་ཁེ་ལས་གསུམ་གྱིས་ཀྱང་སྤྱི་ལོ་2021ལོར་ཐོན་སྐྱེད་གྲངས་འབོར་མཐོར་འདེགས་གཏོང་ཐུབ་པ་མ་ཟད་ཚང་མས་རིམས་འགོག་སྨན་དེའི་ཐོན་དབང་རྒྱལ་ཁབ་མང་པོའི་ས་གནས་དེ་རང་གི་བཟོ་སྐྲུན་ཁེ་ལས་ལ་སྤྲོད་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།  

     རྩོམ་ཡིག་གི་མཇུག་ཏུ། དཔང་རྟགས་སྔར་ལས་མང་བའི་ཐོག་ནས་ཀྲུང་གོ་དང་ཨུ་རུ་སུའི་རིམས་འགོག་སྨན་ཁབ་ནི་བློས་འགེལ་ཆོག་པ་ཞིག་ཡིན་པ་བདེན་དཔང་བྱས་ཡོད། དེར་བརྟེན་རྒྱལ་ཁབ་ཁག་གིས་ནན་ཏན་དང་མགྱོགས་མྱུར་ངང་བྱ་སྤྱོད་སྤེལ་དགོས་པ་དང་ལྷག་པར་དུ་འཛམ་གླིང་ས་གནས་ཁག་གི་མཁོ་སྤྲོད་གནད་དོན་ལ་བསམ་གཞིགས་བྱས་ནས་ལས་དོན་སྤེལ་དགོས་པའི་ནན་བཤད་བྱས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག མིག་དམར་རྒྱ་མཚོ། བཀྲ་ཤིས་བཟང་པོ།

ཡིག་སྒྱུར། ཀླུ་འབུམ།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

ཨ་རིའི་ཚགས་པར་འདིས་གཞི་ནས་སྐད་ཆ་དྲང་པོ་ཞིག་བཤད་འདུག