ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལི་ཆང་གིས་ཧྥུ་ཅན་དང་ཅང་ཞི་རུ་བརྟག་ཞིབ་གནང་བ།

2024-03-21 11:15:00     责编:娜科
  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ་3ཚེས་18ཉིན་ནས་ཚེས་20ཉིན་བར་ཧྥུ་ཅན་དང་ཅང་ཞི་རུ་བརྟག་ཞིབ་གནང་ཡོད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་འཚོའི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག་ཁ་གསལ་བྱུང་བའི་འབྲེལ་ཡོད་ལས་འགན་དོན་འཁྱོལ་ནན་ཏན་བྱེད་པ། མི་དམངས་མང་ཚོགས་ཀྱིས་སྤུས་མཐོའི་འཚོ་བར་བཅངས་པའི་རེ་སྒུག་གསར་པ་དང་མཐུན་པར་བྱེད་པ། དཀའ་སྤྱད་འབད་བརྩོན་བྱས་ཏེ་དམངས་འཚོའི་དོན་དག་ངོ་མ་དང་དམངས་ཕན་ལས་གྲྭར་དམ་འཛིན་ཡག་པོ་བྱེད་པ།  སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ། མང་ཚོགས་ཀྱི་བང་རིམ་མང་བ་དང་སྣ་མང་ཅན་གྱི་དགོས་མཁོ་སྔར་ལས་ལྷག་པ་སྐོང་བ་བཅས་བྱས་ཏེ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཁྲོད་དམངས་འཚོའི་ཕན་བདེ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཧྥུ་ཅན་དུ། ལི་ཆང་ཐོག་མར་ཧྥུ་ཀྲོའུ་ཡི་ཞི་ཧུ་སྤྱི་གླིང་དུ་ཕེབས་ནས། ཞི་ཧུ་ཡི་ཆུ་བཅོས་སྐྱོང་གི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད། ཁོང་གིས། འབྱུང་ཁམས་ཁོར་ཡུག་ཡག་པོ་ནི་ཆེས་ཡོངས་ཁྱབ་ཀྱི་དམངས་འཚོའི་ཕན་བདེ་ཞིག་ཡིན་ཞིང་། ཞི་ཧུ་མཚེའུ་ཡི་བཅོས་སྐྱོང་གི་གྲུབ་འབྲས་ནི་ལས་སླ་པོར་བྱུང་བ་ཞིག་མ་ཡིན་པས། མུ་མཐུད་ནས་འབད་བརྩོན་བྱས་ཏེ། ཆུ་མོ་དེ་བས་དྭངས་བ་དང་། ཡུལ་ལྗོངས་སྔར་ལས་མཛེས་པ་ཞིག་ཡོང་བར་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ལི་ཆང་གིས་ཏ་ཧྥེང་ཧོང་རི་བོའི་སྡེ་ཁུལ་གྱི་རྒན་རྒོན་བཟའ་ཁང་སློབ་ཁང་དུ་ཕེབས་ནས། རྒན་རྒོན་དང་མངགས་བཅོལ་བྱིས་པ་དང་སྤེལ་རེས་གནང་ཡོད། ཁོང་གིས། རྒན་རྒོན་རྣམས་ཀྱིས་ཚེ་མཇུག་བློ་བདེ་བག་ཕེབས་ངང་སྐྱེལ་བ་དང་། ཕྲུ་གུ་རྣམས་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུ་དེ་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད། དོ་དམ་གཉེར་སྐྱོང་བྱེད་སྟངས་གསར་གཏོད་བྱས་ནས། སྔར་ལས་སྤུས་ལེགས་པའི་རྒན་གསོ་དང་མངགས་བཅོལ་ཞབས་ཞུ་མཁོ་འདོན་བྱེད་དགོས་ཞེས་གསུངས་ཡོད། པིང་ལིན་ཧྭ་ཧྥུ་སྡེ་ཁུལ་དུ། ལི་ཆང་གིས་ཧྥུ་ཅན་ཞིང་ཆེན་དང་ཧྥུ་ཀྲའུ་གྲོང་ཁྱེར་གྱི་སྡོད་ཁང་འགན་ལེན་གྱི་གནས་ཚུལ་སྙན་སེང་གསན་ཡོད། ཁོང་གིས་བོགས་གཏོང་དང་ཉོ་སྒྲུབ་མཉམ་བཟུང་གི་སྡོད་ཁང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། སྒྲིག་ཆས་ཆ་སྦྱོར་ལ་ཤུགས་སྣོན་རྒྱག་པ། འཚོ་སྡོད་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། མིན་ཏུའུ་གསར་གཏོད་ཚོད་ལྟ་ཁང་དུ། ལི་ཆང་གིས་ཚན་ཞིབ་འགག་གཏོར་དང་། གྲུབ་འབྲས་བརྗེ་སྒྱུར་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་ཡོད། ཁོང་ཚོས་སྒྲིག་གཞི་གསར་གཏོད་ལ་བརྟེན་ནས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་འཚོལ་ཞིབ་བྱེད་པ་དང་། ལམ་བུ་གསར་པར་སྐྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ཐུགས་རེ་བཅོལ་གནང་ཡོད། ཧྥུ་ཀྲའུ་ཀའོ་དབྱི་ཚོགས་པར། ལི་ཆང་གིས་ཁེ་ལས་ཀྱི་གནས་ཚུལ་ངོ་སྤྲོད་གསན་ཡོད། ཁེ་ལས་ཀྲུང་གོར་གཞིས་ཚུགས་པ་དང་། ལས་སྒོའི་གྲུབ་འབྲས་མགྱོགས་མྱུར་འཕར་སྣོན་བྱུང་བ་མཐོང་དུས་ང་རང་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་དང་། འབྲེལ་ཡོད་ཕྱོགས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་ཤུགས་རྒྱག་སར་བརྩིས་ནས། ཕྱི་དངུལ་ཁེ་ལས་སྔར་བས་གོང་འཕེལ་ཡོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཞེས་མངགས་བཅོལ་གནང་ཡོད།

ཅང་ཞི་རུ། ལི་ཆང་གིས་ནན་ཁྲང་གྲོང་ཁྱེར་ཤིན་ཅན་ཁུལ་གྱི་ལས་ཞུགས་སྡེ་ཚན་ཞིག་ཏུ་ཕེབས་ནས། གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ལི་ཆང་གིས། ལས་ཞུགས་ནི་དམངས་འཚོའི་གཞི་རྩ་ཡིན་ཞིང་། སྔར་བས་གནད་འཕིགས་ཀྱི་སེམས་རྩ་འཁོལ་བའི་ཞབས་ཞུ་བྱས་ནས། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མང་ཚོགས་རྣམས་ལས་ཀ་རག་རྒྱུར་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱེད་དགོས་ཞེས་གསུངས་ཡོད། ཅང་ཞི་དེང་རབས་ལས་རིགས་ལག་རྩལ་སློབ་གླིང་དུ། ལི་ཆང་གིས་ཅང་ཞི་ཞིང་ཆེན་ལས་རིགས་སློབ་གསོའི་གནས་ཚུལ་གྱི་སྙན་སེང་གསན་ཡོད། ཁོང་གིས། ལས་རིགས་སློབ་གསོ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། ཐོན་ལས་དང་སློབ་གསོ་གཉིས་མཉམ་འདྲེས་གཏིང་ཟབ་བྱེད་དགོས་པ་དང་། བྱང་ཚད་མཐོ་བའི་ལག་རྩལ་ཤེས་ལྡན་མི་སྣ་སྔར་ལས་མང་བ་གསོ་སྐྱོང་བྱེད་དགོས་ཞེས་གསུངས་ཡོད། ཅིའུ་ལུང་ཧུའུ་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ། ལི་ཆང་གིས་སྨན་རྫས་ཆ་སྦྱོར་དང་། ཁྱིམ་ཚང་སྨན་པའི་གན་འཇོག་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད། མུ་མཐུད་ནས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་སྐྱོད་རྒྱུར་སྐུལ་ཁྲིད་བྱེད་པ་དང་། མང་ཚོགས་རྣམས་ཁྱིམ་ཚང་གི་སྒོ་འགྲམ་དུ་སྨན་བཅོས་ཞབས་ཞུ་སྔར་ལས་ཡག་པ་ལོངས་སྤྱོད་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཅང་ཞི་ཞིང་ཆེན་སླུས་ནེང་ཞིང་ལས་གོང་འཕེལ་ཚད་ཡོད་ཀུང་སིར། ལི་ཆང་གིས་ལྗང་གསོའི་ལག་རྩལ་གྱི་སྙན་སེང་གསན་ནས། ལྗང་གསོའི་སྐྱེ་འཚར་ལ་གཟིགས་ཞིབ་གནང་ཡོད། ཁོང་གིས། མིག་སྔར་དཔྱིད་རྨོད་དཔྱིད་འདེབས་ཀྱི་འགག་རྩའི་དུས་མཚམས་ལ་སླེབས་ཡོད་པས། ལག་རྩལ་གྱི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་ལས་མ་རྩའི་མཁོ་སྤྲོད་འགན་ལེན་ཡག་པོ་བཟུང་ནས།  བྱ་ཐབས་སྣ་མང་མཉམ་བཟུང་གིས་ལོ་ལེགས་ཡག་པོ་ཡོང་རྒྱུར་འགན་ལེན་བྱེད་དགོས་ཞེས་བསྟན་གནང་ཡོད།

ལི་ཆང་གིས་ཧྥུ་ཅན་དང་། ཅང་ཞི་ཡི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཡོད་པ་དང་། ཞིང་ཆེན་གཉིས་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། སྤུས་ཚད་མཐོ་བའི་གོང་འཕེལ་དང་། སྤུས་མཐོའི་འཚོ་བ་གཏོད་པའི་ཐད་གྲུབ་འབྲས་སྔར་ལས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ཐུགས་རེ་གནང་ཡོད།

ཝུའུ་ཀྲེང་ལུང་གིས་བརྟག་ཞིབ་ལ་ཕེབས་རོགས་ཞུས་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ལི་ཆང་གིས་ཧྥུ་ཅན་དང་ཅང་ཞི་རུ་བརྟག་ཞིབ་གནང་བ།

སྤུས་མཐོའི་འཚོ་བ་གཏོད་པའི་ཐད་གྲུབ་འབྲས་སྔར་ལས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ཐུགས་རེ་གནང་ཡོད།