ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རླངས་འཁོར་ཕྱིར་གཏོང་བྱ་རྒྱུའི་འགོ་ཚོང་འགྲིག་པ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་ཁྱད་ཆོས་གསར་པ་ཞིག་ཏུ་གྱུར་བ།

2024-02-20 11:00:00     责编:娜科
 

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རང་རྒྱལ་གྱིས་རླངས་འཁོར་ཐོན་ལས་གནོད་མེད་ཐཱན་ཉུང་ཕྱོགས་སུ་བརྗེ་སྒྱུར་རིམ་སྤོར་ཤུགས་ཆེན་བྱེད་པ་དང་བསྟུན་ནས།  ནུས་རྒྱུ་གསར་པའི་རླངས་འཁོར་དེ་ཀྲུང་གོའི་རླངས་འཁོར་བཟོ་ལས་ཀྱི་འཕར་གནས་གསར་པ་ཞིག་ཏུ་གྱུར་ཡོད།   ད་ལོ་ཤར་ཚུན།  རང་རྒྱལ་གྱི་རླངས་འཁོར་ཕྱིར་གཏོང་བྱ་རྒྱུའི་ཐད་འཕེལ་ཕྱོགས་བཟང་པོ་མངོན་ནས་ད་ལོའི་འགོ་ཚོང་འགྲིག་ཡོད་ཅིང་། ནུས་རྒྱུ་གསར་པའི་རླངས་འཁོར་ལ་ཕྱི་རྒྱལ་གྱི་ཁྲོམ་རའི་དགའ་བསུ་ཆེན་པོ་ཐོབ་པ་དང་། ཀྲུང་གོའི་བཟོ་སྐྲུན་ལ་སླར་ཡང་བཀྲག་མདངས་འཚེར་ས་གསར་པ་ཞིག་བཏོད་ཡོད། 

མིག་སྔའི་ཆར། ཀོང་ཀྲོའུ་འགག་སྒོའི་ཁོངས་སུ་གཏོགས་པའི་ནན་ཧྲ་འགག་སྒོའི་ལྟ་འདོམས་འོག་ཏུ་རླངས་འཁོར་༡༨༠༠ལྷག་ཙམ་བླུགས་པའི་གྲུ་གཟིངས་ཆེན་པོ་ཞིག་ག་ལེར་འགག་སྒོ་ནས་དབུས་ཤར་ས་ཁུལ་གྱི་ཕྱོགས་སུ་བསྐྱོད་ཡོད།   ཀོང་ཀྲོའུ་ཡི་ནན་ཧྲ་རླངས་འཁོར་གྲུ་ཁའི་སྤྱི་ཁྱབ་སྤྱི་གཉེར་གྱི་ལས་རོགས་སླུའུ་ཁྲུན་རུང་གིས།  དཔྱིད་གསར་དུས་ཆེན་རིང་ཕྱིར་གཏོང་བྱས་པའི་ཚོང་ཟོག་རླངས་འཁོར་གྱི་ཁ་གྲངས་དེ་༨༠༠༠ཡས་མས་ཟིན་པ་དང་།  དེ་ནི་ཉེ་བའི་ལོ་ཤས་ནང་དཔྱིད་གསར་དུས་ཆེན་རིང་ཕྱིར་ཚོང་བྱས་པའི་རླངས་འཁོར་གྱི་གྲངས་འབོར་མང་ཤོས་ཤིག་རེད་ཅེས་གསུངས་ཡོད།   

སྤྱི་ལོ་༢༠༢༣ལོར་རང་རྒྱལ་རླངས་འཁོར་ཕྱིར་གཏོང་བྱ་རྒྱུ་དེ་འཛམ་གླིང་གི་ཨང་དང་པོར་སླེབས་ཅིང་། ལྷུ་ལག་ཚང་བའི་རླངས་འཁོར་ས་ཡ་བཞི་དང་དགུ་འབུམ་ཆིག་ཁྲི་ཟིན་པ་དང་།  དུས་མཚུངས་ལས་༥༧.༩%འཕར་ཡོད།  ཀྲུང་གོའི་ཕྱི་ཕྱོགས་ཉོ་ཚོང་གི་གསར་རྐྱང་གསུམ་གྱི་ཡ་གྱལ་ཡིན་པའི་ཆ་ནས།  ནུས་རྒྱུ་གསར་པའི་རླངས་འཁོར་དེ་ཉིད་ཕྱིར་གཏོང་འཕར་སྣོན་ཡོང་བའི་སྒུལ་ནུས་གསར་པ་ཞིག་ལ་གྱུར་ཡོད།   ཀྲུང་གོའི་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་འཐབ་ཇུས་སྲིད་ཇུས་ཁང་གི་ཀྲུའུ་རེན་ཧྲེང་ཁྲའོ་ཤུན་གྱིས།  རྒྱལ་ནང་གི་ཁེ་ལས་ནས་འགག་རྩའི་ལྟེ་བའི་ལག་རྩལ་འགག་གཏོར་ཟམ་མི་ཆད་པར་བྱེད་པ་དང་། ལག་རྩལ་དཔལ་འབྱོར་རང་བཞིན་ཐོག་ནས་གོང་འཕེལ་གང་ལེགས་བྱུང་ཡོད།  ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་ཀྱི་འབྱུང་ཁམས་ཡག་པོ་དང་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་གསོ་སྤེལ་བྱས་པས།  རྒྱལ་སྤྱིའི་ཁྲོམ་རའི་ཐོག་ལའང་བཀྲག་མདངས་འཚེར་བའི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད་ཅེས་གསུངས་ཡོད།     

ནོ་ཝེ་རུ། མིག་སྔར་ཕྱིར་ཚོང་བྱས་པའི་རླངས་འཁོར་གསར་པའི་ནང་༩༠%ནི་གློག་སྒུལ་རླངས་འཁོར་ཡིན་པ་དང་།  དེའི་ནང་ནས་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་སྤུས་རྟགས་ཁག་༡༥ས་གནས་དེ་གར་ཕྱིར་ཚོང་བྱེད་ཀྱི་ཡོད་ཅིང་། སྤྱི་ལོ་༢༠༢༣ལོར་རླངས་འཁོར་འབུམ་གཅིག་ལྷག་ཙམ་ཕྱིར་ཚོང་བྱས་ཡོད་པ་དེས་ནོར་ཝེའི་རླངས་འཁོར་ཕྱིར་ཚོང་བྱེད་ཚད་བསྡོམས་འབོར་གྱི་༡༥%བཟུང་ཡོད། ནོར་ཝེའི་གློག་སྒུལ་རླངས་འཁོར་བརྒྱུད་ཚོང་ཁང་ཞིག་གི་དབུ་བཞུགས་ལག་བསྟར་དཔོན་སུའུ་ལན་གྱིས།  ཀྲུང་གོ་ནས་ཡོང་བའི་གློག་སྒུལ་རླངས་འཁོར་གྱི་རིན་གོང་གི་འགྲན་རྩོད་ཀྱི་ནུས་པ་ལྡན་པ་མ་ཟད། སྤུས་ཚད་ཀྱང་ཧ་ཅང་ཡག་པོ་ཡོད། ཡོ་རོབ་ཀྱི་འཛད་སྤྱོད་པའི་ངོས་ནས་བརྗོད་ན།  ཐོན་རྫས་ཀྱི་ལག་རྩལ་དང་། གསར་གཏོད། ཇུས་འགོད་བཅས་ཚང་མ་རྩེར་སོན་གྱི་ཆུ་ཚད་དུ་སླེབས་ཡོད། ཀྲུང་གོའི་རླངས་འཁོར་ཁེ་ལས་གོང་འཕེལ་འགྲོ་མགྱོགས་པོ་འདུག  དེས་ཡོ་རོབ་ཀྱི་འཛད་སྤྱོད་པར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་ཅེས་གསུངས་ཡོད།

འདི་ལོའི་སྤྱི་ཟླ་དང་པོར།  ཀྲུང་གོའི་རླངས་འཁོར་ཁེ་ལས་ཀྱི་གློག་སྒུལ་རྐྱང་པའི་རླངས་འཁོར་ཐེ་ལན་གྱི་བཟོ་གྲྭ་ནས་བཟོས་ཡོད།  དེ་ནི་ཐེ་ལན་གྱི་རླངས་འཁོར་བཟོ་ལས་ལོ་རྒྱུས་ཐོག་ས་གནས་དེ་གར་བཟོས་པའི་ཐོན་འབོར་མང་བའི་གློག་སྒུལ་རླངས་འཁོར་དང་པོ་དེ་ཡིན་པ་རེད། རླངས་འཁོར་ཁེ་ལས་དེའི་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་ས་ཁོངས་ཐོན་སྐྱེད་སྤྱི་འདོམས་གཞོན་པ་ལི་ཀོང་ཡུས་ཀྱིས།  ལོ་དེ་དག་ནང་ཀྲུང་གོའི་རླངས་འཁོར་གྱིས་སྲོལ་རྒྱུན་གྱི་ཉོ་ཚོང་ཕྱི་རྒྱལ་དུ་བསྐྱོད་པ་ནས་ཚོང་རྟགས་རྩེ་གྲ་ཕྱི་རྒྱལ་དུ་བསྐྱོད་པ་དང་འབྱུང་ཁམས་གནོད་མེད་ཕྱི་རྒྱལ་དུ་བསྐྱོད་པའི་བར་གྱི་འཕོ་འགྱུར་ཆེན་པོ་བརྒྱུད་བཞིན་ཡོད།   དེ་ལས་ང་ཚོར་ས་གནས་དེ་གའི་ཁྲོམ་རར་སྔར་བས་གཏིང་ཟབ་པའི་གསལ་རྟོགས་ནུས་པ་དང་གོ་བ་ལེན་པའི་ནུས་པ་ལྡན་དགོས་པའི་བླང་བྱ་ཞིག་བཏོན་ཡོད་ཅེས་གསུངས་ཡོད།

ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱི་གནས་ཚུལ་གསར་ཤོས་ལས་མངོན་པར་གཞིགས་ན།   འདི་ལོའི་སྤྱི་ཟླ་དང་པོར་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཆིག་འབུམ་ཆིག་སྟོང་ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་༢༡.༧%འཕར་ཡོད། ཉེ་ཆར་རླངས་འཁོར་ཁེ་ལས་མང་པོ་ཞིག་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར།  འདི་ལོ་ཚུན་རང་རྒྱལ་གྱི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་མགྱོགས་མྱུར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན།   སྤྱི་ལོ་༢༠༢༤ལོར་རང་རྒྱལ་གྱི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་ས་ཡ་ལྔ་དང་ལྔ་འབུམ་ཟིན་ནས་དུས་མཚུངས་ལས་༡༢%འཕར་རྒྱུ་རེད། བྱང་ཕྱོགས་བཟོ་ལས་སློབ་ཆེན་རླངས་འཁོར་ཐོན་ལས་གསར་གཏོད་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཀྲང་ཞང་གིས།  ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་རིན་གོང་དང་སྤུས་ཚད་གཉིས་ཀ་འཛད་སྤྱོད་ལ་འཚམ་པོ་ཡོད་པ་མ་ཟད་རིག་ནུས་ཅན་གྱི་ཆུ་ཚད་ཀྱང་མཐོ་པོ་ཡོད།  གོ་ལ་ཧྲིལ་པོའི་ངོས་ནས་བརྗོད་ན་ལག་རྩལ་ཐད་སྔོན་ཐོན་གྱི་བཟང་ཆ་ལྡན་ཡོད། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་སྐུལ་འདེད་འོག་སྤྱི་ལོ་༢༠༢༤ལོར་ཀྲུང་གོའི་རླངས་འཁོར་ཕྱིར་གཏོང་མུ་མཐུད་མང་དུ་འགྲོ་རྒྱུ་རེད་ཅེས་གསུངས་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

རླངས་འཁོར་ཕྱིར་གཏོང་བྱ་རྒྱུའི་འགོ་ཚོང་འགྲིག་པ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་ཁྱད་ཆོས་གསར་པ་ཞིག་ཏུ་གྱུར་བ།

ནུས་རྒྱུ་གསར་པའི་རླངས་འཁོར་གྱི་སྐུལ་འདེད་འོག་སྤྱི་ལོ་༢༠༢༤ལོར་ཀྲུང་གོའི་རླངས་འཁོར་ཕྱིར་གཏོང་མུ་མཐུད་མང་དུ་འགྲོ་རྒྱུ་རེད་ཅེས་གསུངས་ཡོད།