ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ལ་བརྟེན་ནས་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་བ།

2023-03-20 13:51:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་གང་མགྱོགས་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ལམ་བུ་རེད། རྒྱང་སྐྱོད་གསར་པའི་ཐོག རྒྱ་ཆེའི་གཞོན་ནུ་ཚན་རྩལ་ལས་དོན་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཡིད་ལ་བརྟན་པོར་ངེས་པ་དང་། མགོ་བོ་བཀྱག་ནས་འགན་འཁུར་བ་དང་དཀའ་སྤྱད་སྙིང་རུས་བྱེད་པ། དུས་རབས་གསར་པའི་ཚན་རྩལ་གསར་སྐྲུན་གྱི་སྣེ་ཁྲིད་དམག་བྱེད་ཕོད་པ། འབད་འཐབ་ཀྱི་ཉམས་འགྱུར་ཐོག་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་ཆེད་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་ཡོད།

ནན་ཁའེ་སློབ་ཆེན་རྫས་འགྱུར་སློབ་གླིང་དུ་འབུམ་རམས་པའི་སློབ་མ་པི་སུང་ཧྲན་དང་ཚོགས་པའི་ཁོངས་མི་ཚོས་ཆུ་རྒྱུད་ཏི་ཚའི་གློག་རྫས་རྒྱུ་ཆ་གསོག་འཇོག་གི་རྐྱེན་རྩར་ཞིབ་འཇུག་བྱས་ནས་འབྱུང་འགྱུར་གློག་རྫས་ཀྱི་ནུས་པ་སྔར་བས་ལེགས་སུ་གཏོང་ཆེད་འདེགས་སྐྱོར་བྱེད་བཞིན་ཡོད་པ་རེད། སྤྱི་ལོ་2019ལོའི་ཟླ་དང་པོར། སྤྱི་ཁྱབ་ཧྲུའུ་ཅི་ཧྲུའུ་ཅི་ཞི་ཅིན་ཕིང་ནན་ཁའེ་སློབ་ཆེན་གྱི་གཞི་རྒྱུ་སྐྱེ་ལྡན་རྫས་འགྱུར་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་དུ་ཕེབས་ནས་དགེ་སློབ་ཚོར་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ་ཐོག་མའི་གསར་གཏོད་དང་རང་བརྟེན་གསར་གཏོད་ཐད་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུའི་བརྩོན་ལེན་བྱས་ནས་འཛམ་གླིང་ཚན་རྩལ་གྱི་རྩེ་མོར་འཛེགས་ཕོད་པའི་སྐུལ་ལྕག་གནང་ཡོད།
ཏན་ཏིག་ཏིག་ངང་བྱ་བ་སྒྲུབ་ལ་ཡང་རྒྱང་རིང་གི་ཕུགས་འདུན་ལ་རྒྱང་ལྟ་བྱེད་པ་སྟེ། རྨང་གཞིའི་ཞིབ་འཇུག་བྱ་རྒྱུ་ནི་ཚན་རྩལ་བྱ་གཞག་དོན་དུ་གཉེར་བའི་ཐོག་བརྩེགས་ཁང་ཆེན་གྱི་རྩིག་རྨང་འདིང་བ་ལྟ་བུ་ཡིན། འདས་ཟིན་པའི་ལོ་4ཡི་ནང་། པི་སུང་ཧྲན་དང་ཚོགས་པའི་ཁོངས་མི་ཚོས་ཆུ་རྒྱུད་ཏིལ་ཚའི་གློག་རྫས་རྒྱུ་ཆའི་རྨང་གཞིའི་ཞིབ་འཇུག་ལ་བློ་རྩེ་གཅིག་ཏུ་གཞོལ་ནས་ཐོག་མའི་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད།

པི་སུང་ཧྲན་གྱིས། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་སློབ་སྦྱོང་འབད་འཐབ་ཀྱི་ཞིབ་ཕྲའི་དམིགས་ཚད་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་དམིགས་ཚད་ཟུང་འབྲེལ་བྱེད་དགོས་པའི་སྐུལ་ལྕག་གནང་བས་ང་ཚོའི་ཕྲག་ཐོག་གི་ལས་འགན་ལྗིད་པོ་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་། སྔོན་ཆད་ནན་ཁའེ་སློབ་ཆེན་གྱི་ཀུའོ་ཡུང་ཧོའེ་སོགས་ཚན་རིག་པ་རྒན་རབས་ཚོས་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་ཚན་རིག་ལ་བརྟེན་ནས་རྒྱལ་ཁབ་བསྐྱབས་གནང་ཡོད། རྒན་རབས་པ་མང་པོ་ཞིག་གིས་སྐུ་ཚེ་གང་པོར་ཁྱབ་ཁོངས་དེར་འབད་པ་ལྷུར་ལེན་གནང་བས། ང་ཚོས་ཀྱང་ཚན་རིག་མཁས་ཅན་རྒན་རབས་ཚོའི་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱས་ཏེ། ཁེར་རྐྱང་ངང་སྡོད་ཐུབ་པ་དང་། ཏན་ཏན་ཏིག་ཏིག བློ་རྩེ་གཅིག་སྒྲིམ་ཐོག་ནས་ཚན་ཞིབ་ལ་གཞོལ་ཐུབ་པ་བྱ་དགོས་ཞེས་གསུངས་ཡོད།
ཚན་རིག་ཆེན་པོའི་སྒྲིག་ཆས་ཀྱིས་རྨང་གཞིའི་མདུན་གྲལ་ཞིབ་འཇུག་དང་འཐབ་ཇུས་ཀྱི་ལག་རྩལ་མཐོ་གྲས་ཞིབ་འཇུག་སོགས་མང་པོར་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ཐོན་གྱི་ཡོད།

ཧའར་པིན་བཟོ་ལས་སློབ་ཆེན་དུ་སློབ་གྲྭ་དང་ཀྲུང་གོ་མཁའ་སྐྱོད་ཚན་རྩལ་ཚོགས་པས་མཉམ་འབྲེལ་ཐོག་བསྐྲུན་པའི་༼བར་སྣང་ཁོར་ཡུག་གི་ས་ངོས་ལད་ཟློས་སྒྲིག་ཆས་༽མི་རིང་བའི་གོང་ལས་མཇུག་འགྲིལ་ཡོད། དེ་ནི་རང་རྒྱལ་གྱི་མཁའ་སྐྱོད་ཁྱབ་ཁོངས་ཀྱི་ཚན་རིག་སྒྲིག་ཆས་ཆེ་གྲས་དང་པོ་དེ་ཡིན་པ་དང་། དེས་བར་སྣང་ཁོར་ཡུག་གི་རྒྱུ་རྐྱེན་ཆེ་གྲས་དགུར་ཕྱོགས་སྡོམ་བྱེད་ཐུབ་ལ་ཡང་ས་ངོས་ཀྱི་བར་སྣང་ས་ཚིགས་ཞེས་ཀྱང་བརྗོད་ཀྱི་ཡོད།

མ་འོངས་པར་བར་སྣང་ལ་ཐོན་ན་ད་གཟོད་ཚོད་ལྟ་བྱེད་ཐུབ་པའི་རིགས་མང་པོ་ཞིག་ས་ཆ་དེ་ནས་ལེགས་འགྲུབ་བྱེད་ཐུབ། མིག་སྔར་དགུང་ལོ་33ལ་ཕེབས་པའི་སུན་ཀྲི་དབྱིན་གྱིས་ཞིབ་སྤེལ་ཚོགས་པའི་སྣེ་ཁྲིད་དེ་སྒྲིག་ཆས་མཉམ་འབྲེལ་ཚོད་ལྟ་དང་ཚོད་ལྟའི་བེད་སྤྱོད་གནང་བཞིན་ཡོད།
ཧའར་པིན་བཟོ་ལས་སློབ་ཆེན་གྱི་བར་སྣང་ཁོར་ཡུག་དང་དངོས་པོའི་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ། འབུམ་རམས་པའི་སློབ་དཔོན་སུན་ཀྲི་དབྱིན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྒྱང་ལྟ་སྣེ་ཁྲིད་ཅན་དང་། འཐབ་ཇུས་ཀྱི་ཁྲིད་སྟོན་ཅན། ཉེར་སྤྱོད་འདེགས་སྐྱོར་ཅན་བཅས་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ ཚན་རིག་དང་མཐུན་པའི་ངང་འཆར་འགོད་བཀོད་སྒྲིག་བྱེད་དགོས་ཞེས་གསུངས་ཡོད། བཀའ་མོལ་དེས་ང་ཚོར་སྐུལ་མ་ཆེན་པོ་ཐེབས་བྱུང་། ང་ཚོས་ང་ཚོའི་༼ས་ངོས་ཀྱི་བར་སྣང་ས་ཚིགས་༽དེ་བར་སྣང་ཚན་རིག་དང་། མཁའ་སྐྱོད་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་ཆེས་སྔོན་ཐོན་གྱི་ཞིབ་འཇུག་དང་ཉེར་སྤྱོད་ལས་སྟེགས་སུ་བསྒྱུར་ཏེ། རྒྱལ་ཁབ་ཀྱི་མཚོན་ཆ་གལ་ཆེན་འདིས་མཁའ་སྐྱོད་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་བསྐྲུན་པར་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱེད་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་འབད་མངོན་འགྱུར་བྱེད་པར་འགག་རྩ་དང་སྲོག་ཤིང་གི་ལག་རྩལ་ངེས་པར་དུ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས། སྤྱི་ལོ་2018ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆར་པར་མ་འཛེམས་པར་ཀྲུང་ཅི་ལའེ་ཧྥུའུ་ཧྲི་རྒྱ་མཚོའི་ལས་གྲྭ་ཚད་ཡོད་ཀུང་སིའི་ཡན་ཐའེ་རྟེན་གཞིར་གཟིགས་ཞིབ་གནང་སྐབས། གཞུང་ཁོངས་ཁེ་ལས་དང་ལྷག་པར་དུ་ཀྲུང་དབྱང་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱིས་ངེས་པར་དུ་རང་བརྟེན་གསར་གཏོད་ཀྱི་ནུས་པར་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་ཀྱི་དེ་བས་གལ་ཆེ་བའི་ལྕི་བའི་ཡོ་བྱད་ཞིབ་འཇུག་གསར་སྤེལ་དང་ཁོང་དུ་ཆུད་པ་བྱེད་དགོས་ཞེས་མཛུབ་སྟོན་གནང་ཡོད།
སྤྱི་ལོ་2018ལོ་ནས་བཟུང་། ཀྲུང་ཅི་ལའེ་ཧྥུའུ་ཧྲེའི་ལག་རྩལ་མང་པོ་ཞིག་གིས་རྒྱལ་ནང་གི་སྟོང་ཆ་བསྐངས་ཤིང་རིམ་རྩིས་བྱས་ན་རིགས་མི་འདྲ་བའི་མཚོ་ཐོག་བཟོ་ལས་སྒྲིག་ཆས་65རྩིས་སྤྲོད་བྱས་པ་དང་། དེའི་ནང་ཆུ་སྲིན་ཆེན་པོ་ཞེས་པའི་མུ་འབྲེལ་སྟེགས་བུས་ལྷོ་རྒྱ་མཚོའི་སྣུམ་རླངས་གསར་སྤེལ་ལ་རམ་འདེགས་བྱས་པ་དང་སྣུམ་རླངས་ཐོན་སྐྱེད་བྱས་པའི་སྤྱི་འབོར་དང་ཉིན་རེར་ཆ་སྙོམས་སྣུམ་རླངས་ཐོན་སྐྱེད་བྱེད་ཚད་ཀྱི་འཛམ་གླིང་ཟིན་ཐོ་གསར་པ་གཉིས་བསྐྲུན་ཡོད་པ་རེད།

མིག་སྔར་ཁོང་ཚོས་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའི་རྒྱལ་ཁབ་ཀྱི་སྒྲིག་ཆས་གལ་ཆེན་གཞན་ཞིག་སྟེ། རྒྱལ་ནང་གི་2200tརང་འགུལ་རྣམ་པའི་རླུང་གློག་སྒྲིག་སྦྱོར་གྲུ་གཟིངས་ཆེ་ཤོས་དེ་གསར་སྐྲུན་བྱེད་བཞིན་ཡོད་པ་དང་དེ་གསར་བཟོ་བྱེད་མཁན་ཚན་ཞིབ་ཚོགས་པའི་ཆ་སྙོམས་ལོ་35ལའང་སླེབས་ཀྱི་མེད་པ་རེད།

ཡན་ཐེའི་ཀྲུང་ཅི་ལའེ་ཧྥུའུ་ཧྲེའི་རྣམ་གྲངས་ཐོན་སྐྱེད་དོ་དམ་པུའི་བཟོ་སྐྲུན་དབུ་ཆེན་ཝང་ཧུང་ཆང་གིས། སྤྱི་ཁྱབ་ཧྲུའུ་ཞི་ཞི་ཅིན་ཕིང་གིས། ང་ཚོ་དུས་བཀག་ལྟར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་སྐྲུན་ཐུབ་མིན་གྱི་འགག་རྩ་དེ་ཚན་རྩལ་རང་བརྟེན་རང་སྟོབས་ལ་ཐུག་ཡོད་པས་འགག་རྩའི་ལྟེ་བའི་ལག་རྩལ་དཀའ་གནད་འགག་གཏོར་ཧུར་ཐག་བྱེད་དགོས་པ་དང་། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ནང་རང་བརྟེན་ཚོད་འཛིན་ཐུབ་པ་བྱེད་དགོས་ཞེས་གསུངས་ཡོད་པས། ང་ཚོས་གསར་སྐྲུན་ཞིབ་འཇུག་གསར་སྤེལ་ལས་དོན་ནང་ཧུར་ཐག་ཞུགས་ཏེ་རྒྱལ་ཁབ་ཀྱི་སྒྲིག་ཆས་ཆེ་གྲས་གསར་བཟོ་བྱས་ནས་སྤུས་མཐོའི་གོང་འཕེལ་མངོན་འགྱུར་ཡོང་ཆེད་ཚན་རྩལ་འདེགས་སྐྱོར་ཐུབ་པ་བྱ་རྒྱུ་ཡིན་ཞེས་བསྟན་འདུག

སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པར་སྐྱོད་བཞིན་ཡོད་པ་དང་རྒྱ་ཆེའི་གཞོན་ནུ་ཚན་རྩལ་ལས་དོན་པས་སྒུག་ནས་མི་སྡོད་པར་བློ་རིག་གཅིག་བསྡུས་ཀྱིས་འགག་གཏོར་བྱེད་པ་དང་། གཞོན་ནུའི་ལང་ཚོར་བརྟེན་ནས་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་བརྗིད་ཉམས་ལྡན་པའི་ལེའུ་གསར་པ་རྩོམ་བཞིན་ཡོད་པ་རེད།

中央广播电视总台 央广网 版权所有

ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ལ་བརྟེན་ནས་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་བ།

ཡན་ཐེའི་ཀྲུང་ཅི་ལའེ་ཧྥུའུ་ཧྲེའི་རྣམ་གྲངས་ཐོན་སྐྱེད་དོ་དམ་པུའི་བཟོ་སྐྲུན་དབུ་ཆེན་ཝང་ཧུང་ཆང་གིས། སྤྱི་ཁྱབ་ཧྲུའུ་ཞི་ཞི་ཅིན་ཕིང་གིས།